སྐུ་འབུམ་སོགས་སུ་མེ་ཏོག་མཆོད་པའི་སྐབས་རྒྱ་ནག་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་འདུག

2023.02.06
སྐུ་འབུམ་སོགས་སུ་མེ་ཏོག་མཆོད་པའི་སྐབས་རྒྱ་ནག་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་འདུག སྐུ་འབུམ་དགོན་པར་མེ་ཏོག་མཆོད་པའི་སྐབས་རྒྱ་ནག་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཡོད་པ། ༠༢།༠༥།༢༠༢༣
བོད་འབྱོར། /RFA

ཉེ་ཆར་མདོ་སྨད་སྐུ་འབུམ་དང་བླ་བྲང་། རོང་བོ་དགོན་པ། རྔ་བ་ཀི་རྟི་དགོན་པ་སོགས་ནས་ལུགས་རྙིང་གི་ལོ་སར་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སྲུང་བརྩི་གནང་ཡོད་ཀྱང་རྒྱ་ནག་གི་དམག་མི་གང་སར་བཀྲམ་ནས་དམ་དྲག་བྱས་ཡོད་འདུག
དེ་ཡང་ཕྱི་ལོ་༢༠༡༩ལོར་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་བ་ནས་བཟུང་ལོ་གསུམ་གྱི་རྗེས་སུ། ད་ལོའི་སྨོན་ལམ་ཆེན་མོའི་སྐབས་བོད་ནང་མདོ་སྨད་ཀྱི་དགོན་སྡེ་ཁག་གིས་ཆོས་ཕྱོགས་ཀྱི་མཛད་སྒོ་གཞི་རྒྱ་ཆེན་པོ་སྤེལ་བཞིན་པ་ལྟར་། ད་ལོའི་ཕྱི་ཟླ་༢པའི་༤ཉིན་ཏེ་ལུགས་རྙིང་གི་ཟླ་དང་པོའི་ཚེས་༡༤ཉིན་མདོ་སྨད་སྐུ་འབུམ་དགོན་པ་དང་། བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ། རེབ་གོང་རོང་བོ་དགོན་པ། རྔ་བའི་དགོན་སྡེ་སོགས་ནས་ལོ་གསུམ་གྱི་རྗེས་སུ་ཐེངས་དང་པོའི་གོས་སྐུ་ཆེན་མོ་བཤམས་པ་སོགས་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་སྤེལ་ཡོད་པ་དང་། དེ་བཞིན་ཕྱི་ཟླ་༢པའི་༥་སྟེ་ལུགས་རྙིང་གི་ཚེས་༡༥ཉིན་སྐུ་འབུམ་དགོན་པ་དང་བླ་བྲང་དགོན་པ་བཅས་ནས་ཆོ་འཕྲུལ་སྨོན་ལམ་གྱི་མར་རྒྱན་མེ་ཏོག་མཆོད་པ་བཤམས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་དམག་མི་སྐོར་དང་སྐོར་བྱས་ནས་སྐོར་གཡེང་བྱེད་བཞིན་པ་བརྙན་པར་ཁག་ནང་མཐོང་རྒྱུ་ཡོད་པ་རེད།

Kubum (2).JPG
རྗེ་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པ་ནི་ཀུན་ལས་ཡིད་འཕྲོག་པ་དང་དམིགས་བསལ་ཁྱད་ཆོས་ལྡན་པ་ཞིག་ཡིན་ཞིང་། དེའང་དགོན་པའི་ནང་གྲྭ་ཚང་འཛིན་གྲྭ་ཁག་བར་གསང་བའི་ཐོག་ཡུན་རིང་གྲ་སྒྲིག་གིས་འགྲན་བསྡུར་བྱེད་བཞིན་ཡོད་ལ། ད་ལོའི་སྐུ་འབུམ་དགོན་པའི་རྗེ་བཙུན་འཛིན་གྲྭ་ནས་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་དང་། སྒོ་མང་འཛིན་གྲྭ་ནས་སྲོང་བཙན་གྱི་རྣམ་ཐར་བཟོས་ཡོད་འདུག དེ་བཞིན་བོད་ནས་བརྙན་ཐུང་ཁག་ཐོན་པའི་ནང་མེ་ཏོག་མཆོད་པར་གནས་མཇལ་དང་ཡུལ་སྐོར་སྤྲོ་འཆམ་པ་མི་ཚོགས་མང་པོ་ཡོད་པ་མ་ཟད། རྒྱ་ནག་གི་དམག་མི་སྐོར་དང་སྐོར་བྱས་ནས་སྐོར་གཡེང་དང་དམ་དྲག་བྱས་པའི་གནས་ཚུལ་ཡང་མཐོང་རྒྱུ་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎