ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་ལ་སྨོན་ལམ་ཚིག་མཛོད་ཆེན་མོ་ལེགས་སྐྱེས་སུ་ཕུལ་སོང་།

2024.12.13
ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་ལ་སྨོན་ལམ་ཚིག་མཛོད་ཆེན་མོ་ལེགས་སྐྱེས་སུ་ཕུལ་སོང་། ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་ལ་སྨོན་ལམ་ཚིག་མཛོད་ཆེན་མོ་ལེགས་སྐྱེས་སུ་ཕུལ་སྐབས། ༡༢།༡༢།༢༠༢༤
དཔལ་ལྡན་རྒྱལ། /RFA

ཕྱི་ཟླ་༡༢པའི་ཚེས་༡༢ཉིན། ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་གི་(Thomas Jefferson)་ཐོག་ཁང་དུ། འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ནས་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་གྲངས་༢༢༣ ཡོད་པ་དེ་དེ་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་གི་བོད་ཡིག་སྡེ་ཚན་ལ་ལེགས་སྐྱེས་སུ་ཕུལ་བའི་མཛད་སྒོ་འཚོགས་སོང་ལ། མཛད་སྒོའི་སྟེང་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Jim McGovern)་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སོགས་སྐུ་མགྲོན་གཙོས་མི་གྲངས་བདུན་ཅུ་ལྷག་མཉམ་ཞུགས་གནང་འདུག

མཛད་སྒོའི་ཐོག་མར་དཔེ་མཛོད་ཁང་གི་ཨེ་ཤེ་ཡ་སྡེ་ཚན་གྱི་འགན་འཛིན་ལས་ཚབ་ཇེ་སི་ལིན་ཛོམ་(Jessalyn Zoom)་ལགས་ཀྱིས་དགའ་བསུའི་གསུངས་བཤད་གནང་བ་དང་། དེའི་རྗེས་གྲོས་ཚོགས་འཐུས་མི་སྐུ་ཞབས་(Jim McGovern)་ལགས་ཀྱིས་གཏམ་བཏམ་བཤད་གནང་སྐབས། དགེ་བཤེས་བློ་བཟང་སྨོན་ལམ་ནི་མིང་དོན་མཚུངས་པའི་རིག་རྩལ་སླར་གསོ་བྱེད་མཁན་ཡིན་ཞེས་བསྟོད་བསྔགས་གནང་བ་དང་། ཆབས་ཅིག་ཏུ་དགེ་བཤེས་སྨོན་ལམ་ལགས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་རྒྱུན་གནས་ཀྱི་ཆེད་དུ་འཛམ་གླིང་མི་མང་གིས་མཐོང་རྒྱུ་ཡོད་པའི་མཛད་རྗེས་དེ་བོད་མི་འཚོ་གནས་ལ་གལ་འགངས་ཆེ་བ་ཆགས་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་རྩ་མེད་དུ་གཏོང་བཞིན་པའི་བྱ་སྤྱོད་དང་། བོད་ཕྲུག་བྱིས་པ་ཚོ་བཙན་དབང་གིས་ཕ་མ་དང་ཁ་ཐག་རིང་བའི་བཅའ་སྡོད་སློབ་གྲྭར་བཅུག་ནས་རྒྱ་ཡིག་རྒྱ་སྐད་བསླབ་ཏུ་བཅུག་པ་ལ་སྐྱོན་བརྗོད་གནང་བ་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་གི་སྲིད་ཇུས་དེ་རིགས་འགོག་ཐབས་དང་། བོད་མི་ལ་རང་གི་སྐད་དང་ཡི་གེས་གཙོས་རིག་གཞུང་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་ཡོད་དགོས། ངས་དུས་དང་རྣམ་པ་ཀུན་ཏུ་བོད་མི་ཚོར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་སོགས་གསུངས་སོང་།
Monlam Grand Tibetan Dictionary Library of Congress (1).jpg
གྲོས་ཚོགས་འཐུས་མི་སྐུ་ཞབས་(Jim McGovern)་ལགས་ཀྱིས་གཏམ་བཏམ་བཤད་གནང་སྐབས།


སྐབས་དེར་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་དབྱིན་སྐད་ནང་། ཁོང་གི་མི་ཚེ་བརྒྱུད་རིམ་དང་ཚིག་མཛོད་ཆེན་མོ་དེ་དག་གི་ནང་དོན་ངོ་སྤྲོད་དང་འབྲེལ། སྨོན་ལམ་ཚིག་མཛོད་ཆེན་མོ་དེ་ཨ་རིའི་གཞུང་དམངས་ལ་ལེགས་སྐྱེས་སུ་ཕུལ་ཏེ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མཉམ་སྤྱོད་བྱེད་པ་དང་། དེ་བཞིན་དེང་རབས་འཕྲུལ་རིག་དང་བོད་ཀྱི་གནའ་རབས་ཤེས་ཡོན་ཟུང་འབྲེལ་སྐོར། བོད་ཡིག་ཡིག་བསྒྱུར་དང་བོད་ཀྱི་མི་རབས་གསར་པའི་ཆེད་དུ་སྐད་ཡིག་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་དར་སྤེལ་བཅས་ཀྱི་ཆེད་དུ་མིས་བཟོས་རིག་ནུས་(AI)་དང་(OCR)་བཅས་བེད་སྤྱོད་ཀྱིས་ཉེ་བའི་ལས་དོན་ཡར་རྒྱས་གཏོང་ཕྱོགས་དང་། ཤེས་ཡོན་སློབ་གསོའི་ལམ་ལུགས་དེ་བཟང་སྤྱོད་ལྡན་པའི་སྤུས་ཚད་དང་། མིས་བཟོས་རིག་ནུས་ཀྱི་མགྱོགས་ཚད་དང་མཉམ་པ་ཞིག་དགོས་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་རེད།
སྨོན་ལམ་ཚིག་མཛོད་ཆེན་མོ་དེ་ཕྱི་ལོ་༢༠༢༣ལོར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དཔེ་མཛོད་ཁང་ལ་ལེགས་སྐྱེས་སུ་ཕུལ་བའི་རྗེས་སུ། ད་ཐེངས་ནུབ་ཕྱོགས་སུ་ལེགས་སྐྱེས་གཟིགས་འབུལ་གནང་བ་ཐེངས་གཉིས་བ་དེ་རེད་འདུག
སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ་ནི། ཕྱི་ལོ་༢༠༡༢ ལོར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་ལམ་སྟོན་འོག་ལས་གཞི་དབུ་འཛུགས་གནང་བ་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གཙོ་འགན་བླངས་ཤིང་། བོད་ཀྱི་ཤེས་ཡོན་ཚོགས་སྡེ་ཁག་གང་མང་ཞིག་དང་མཉམ་འབྲེལ་བྱས་ནས་རིས་མེད་རྩོམ་སྒྲིག་སྡེ་ཚན་༣༥ ཡི་རྩོམ་སྒྲིག་པ་༢༠༠ ལྷག་མཉམ་ཞུགས་ཀྱིས་ལོ་ངོ་དགུའི་རིང་རྩོམ་སྒྲིག་གནང་བའི་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་བཙན་བྱོལ་བོད་མི་མཉམ་རུབ་ཀྱི་ལས་གཞི་གལ་ཆེན་ཞིག་ཡིན་ཞིང་། པོད་༢༢༣དང་ཤོག་ངོས་༡༣༣༨༧༠ལྷག་ཡོད་པའི་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ་ཕྱི་ལོ་༢༠༢༡ ཟླ་༡༢ ཚེས་༣༡ ཉིན་ལས་གཞི་དེ་ལེགས་འགྲུབ་བྱུང་རྗེས། ཕྱི་ལོ་༢༠༢༢ ཟླ་ ༥ ཚེས་༢༧ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་དུ་པོད་༢༢༣ ཅན་གྱི་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ་དེ་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུ་འབྱེད་མཛད་ཡོད་པ་རེད།
ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་ནི། ཕྱི་ལོ་༡༨༠༠ལོར་གསར་འཛུགས་དང་། ཨ་རིའི་གྲོས་ཚོགས་ཁོངས་གཏོགས་ཀྱི་ཉམས་ཞིབ་དཔེ་མཛོད་ཁང་ཞིག་ཡིན་ཞིང་། དཔེ་མཛོད་ཁང་འདིའི་ཆེས་ཐོག་མའི་ཉར་ཚགས་དམིགས་ཡུལ་ནི། ཨ་རིའི་སྲིད་ཨ་རིའི་སྲིད་འཛིན་ཐོ་མཱས་ཇེ་ཧྥར་སོན་ལ་དཔྱད་གཞི་མཁོ་སྤྲོད་ཆེད་དུ་ཡིན་རེད། དཔེ་མཛོད་ཁང་འདིའི་དེབ་གྲངས་ས་ཡ་ ༣༠བསྡུ་རུབ་བྱས་པ་དང་སྐད་ཡིག་༤༧༠ནང་ཁྱབ་ཡོད། ལག་བྲིས་མ་ས་ཡ་༥༨ ལྷག་ཙམ་བསྡུ་རུབ་བྱས་ཡོད་པ་དང་། ཨ་རིའི་ནང་དཀོན་པའི་དཔེ་དེབ་ཉར་ཚགས་ཁང་དང་འཛམ་གླིང་སྟེང་གི་ཉར་ཚགས་གྲངས་འབོར་ཆེ་ཤོས་ཀྱི་དཔེ་མཛོད་ཁང་དེ་རེད། གྲོས་ཚོགས་དཔེ་མཛོད་ཁང་གི་བོད་ཡིག་ཚན་པ་དེ་ཕྱི་ལོ་༡༩༠༡ལོར་བཙུགས་ཤིང་། ད་ལྟ་དེར་བསྟན་བཅོས་པོད་ཆིག་ཁྲི་བདུན་སྟོང་དང་། ཅོ་ནེ་པར་ཁང་གི་བཀའ་བསྟན་ཤིང་བརྐོས་མ་ཐེ་བའི་དཔེ་རྒྱུན་དཀོན་པའི་གླེགས་བམ་༣༦༠༠། དུས་དེབ་སྣ་ཚོགས་རིགས་༥༧དང་འདྲ་པར་སྦྱིན་ཤོག་ཆིག་ཁྲི་ལྔ་སྟོང་ལྷག་གསོག་ཉར་བྱས་ཡོད་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎