སྨོན་ལམ་བོད་ཡིག་གི་ཚིག་མཛོད་ཆེན་མོ་དབུ་འབྱེད་གནང་བ།

༧གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པས་མཐུན་རྐྱེན་བསྒྲུབས་པའི་སྨོན་ལམ་བོད་ཡིག་གི་ཚིག་མཛོད་ཆེན་མོ་འདོན་ཐེངས་དང་པོ་དབུ་འབྱེད་གནང་བ།

སྨོན་ལམ་བོད་ཡིག་གི་ཚིག་མཛོད་ཆེན་མོ་དབུ་འབྱེད་གནང་སྐབས། ༢༠༡༥།༡༢།༡༨ བསྟན་འཛིན་འོད་ཟེར།/RFA

སེ་ར་བླ་སྤྱི་དང་བྷེ་ཀོབ་གཞིས་ཆགས་གཉིས་ཀྱི་སེར་སྐྱ་ཡོངས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་གནང་བ་དང་༧གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པས་མཐུན་རྐྱེན་བསྒྲུབས་པའི་སྨོན་ལམ་བོད་ཡིག་གི་ཚིག་མཛོད་ཆེན་མོ་འདོན་ཐེངས་དང་པོ་༧གོང་ས་མཆོག་གིས་དབུ་འབྱེད་གནང་བ།
དེ་ཡང་དེ་རིང་འདི་ཟླའི་ཕྱི་ཚེས་༡༨ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠ཕེབས་པའི་སྐུའི་གྱ་སྟོན་དང་ལྷག་པར་དུ་དགེ་ལུགས་ཡོངས་ཀྱིས་བཀའ་དྲིན་རྗེས་དྲན་དང་སྟབས་བསྟུན། རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱེད་པའི་སེ་ར་བླ་སྤྱི་དང་། བྷེ་ལ་ཀོ་པེ་ལུགས་བསམ་གཞིས་ཆགས། བདེ་སྐྱིད་སླར་གསོ་གཞིས་ཆགས་གཉིས་ཀྱི་སེར་སྐྱ་མི་མང་ཡོངས་ནས་སེ་ར་བླ་སྤྱིའི་ཚོགས་ཁང་ནང་། བླ་མ་ཆོས་རྗེ་ཚེ་འཛིན་གྱི་སྒོ་ནས་ཚེ་གྲུབ་ཆོ་ཁ་སྔོན་དུ་བཏང་སྟེ། ༧གོང་ས་མཆོག་སྐུ་ཚེ་ཡུན་གནས་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་གནང་གྲུབ་མཚམས། ༧གོང་ས་མཆོག་གིས་༧གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པས་མཐུན་རྐྱེན་བསྒྲུབས་པའི་སྨོན་ལམ་བོད་ཡིག་གི་ཚིག་མཛོད་ཆེན་མོ་འདོན་ཐེངས་དང་པོ་དེ་དབུ་འབྱེད་གནང་བ་དང་། སྐབས་དེར་༧གོང་ས་མཆོག་གིས། ཚིག་མཛོད་དེའི་ལས་འཆར་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དང་། ལས་བྱེད་རྣམས་ཀྱིས་ངལ་བ་ཁྱད་བསད་ཀྱིས་འགན་ཁུར་བླངས་ཏེ་མི་རབས་མང་པོར་ཕན་ཐོགས་ཡོང་བའི་ལས་གཞི་བརྩམས་གནང་བར་བསྔགས་བརྗོད་གནང་ཡོད་པ་རེད།  
ཚིག་མཛོད་དེའི་ལས་འཆར་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། དེང་དུས་ཀྱི་ཚན་རིག་ལག་རྩལ་འཕེལ་རྒྱས་ཤུགས་ཆེའི་འོག་སྐད་ཡིག་མང་པོ་དེང་དུས་ཀྱི་འཕྲུལ་ཆས་ཁག་ནང་བཅུག་ནས་རྒྱུན་གནས་ཐུབ་ཐབས་བྱེད་བཞིན་ཡོད་པར་བརྟེན། བོད་ཀྱི་ཆོས་དང་རིག་གནས་དེང་དུས་འཕྲུལ་ཆས་ནང་བཅུག་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྟབས། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་མི་ཉམས་རྒྱུད་འཛིན་ཡོང་རྒྱུའི་དམིགས་ཡུལ་གཙོ་བོར་འཛིན་ནས་ཚིག་མཛོད་དེ་སྒྲིག་སྦྱོར་གནང་བའི་སྐོར་ངོ་སྤྲོད་གནང་འདུག    
ཚིག་མཛོད་དེ་ནི་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཚིག་མཛོད་ཀྱི་རིག་པའི་གཞུང་ལུགས་དང་། བོད་ཀྱི་སྐད་ཡིག་ཟུང་འབྲེལ་ཡོད་པའི་གསར་གཏོད་རང་བཞིན་ཅན་ཞིག་ཡིན་
པའི་ཁར། བོད་པའི་ཆོས་ལུགས་གྲུབ་མཐའ་དང་། རིག་གཞུང་ཁག་མཉམ་འབྲེལ་གྱི་ལས་གཞི་ཞིག་ཡིན་པའི་སྒྲིག་ཚུལ་མི་འདྲ་བའི་འཐུས་སྒོ་ཚང་པོ་ཞིག་ཡོད་ཅིང་། ཚིག་མཛོད་དེའི་ནང་ཚིག་ཆིག་འབུམ་བདུན་སྟོང་བརྒྱ་དང་བཅུ་གསུམ་ཡོད་པའི་བོད་ཡིག་ཚིག་མཛོད་ཆེ་ཤོས་ཀྱི་གྲས་ཤིག་ཡིན་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་གཞུགས་ཐོག་འདས་པའི་ཉིན་གྲངས་བཞིའི་རིང་། སེར་ར་བླ་སྤྱིའི་ཚོགས་སྒར་རུ་སེམས་དང་སྲོག་གི་བགྲོ་གླེང་ཐེངས་༣༠པ་སྐོང་ཚོགས་གནང་ཞིང་། ཁ་ས་ཚེས་༡༧ཉིན་མཇུག་བསྒྲིལ་ཡོད་པ་རེད།

གསར་འགོད་པ་འཆི་མེད་དང་དོན་གྲུབ་རྣམ་རྒྱལ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

 

གསར་འགོད་པ་ཨོ་རྒྱན་བསྟན་འཛིན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org