དེང་རབས་ཤེས་ཡོན་གྱི་དེབ་ལྔ་བརྒྱ་༥༠༠ཙམ་བོད་ཡིག་ཏུ་བསྒྱུར་རྒྱུའི་ལས་གཞི།

2024.01.20
དེང་རབས་ཤེས་ཡོན་གྱི་དེབ་ལྔ་བརྒྱ་༥༠༠ཙམ་བོད་ཡིག་ཏུ་བསྒྱུར་རྒྱུའི་ལས་གཞི།
སྒྲིག་བཟོ།

བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ཧི་མ་ལ་ཡའི་དཔེ་མཛོད་ཁང་ཟུང་འབྲེལ་གྱི་སྒོ་ནས་གོ་སྒྲིག་ཞུས་ཏེ། ཕྱི་ཟླ་༡ཚེས་༡༩ ཉིན་གྱི་དགོང་དྲོར་ནིའུ་ཡོག་ཏུ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཁ་བའི་ནང་། ནིའུ་ཡོག་གྲོང་ཁྱེར་དུ་གནས་སྡོད་བྱེད་མཁན་གཞུང་ཞབས་ཟུར་པ་དང་། རྩོམ་པ་པོ། དམིགས་བསལ་ཡིག་སྒྱུར་ཐད་ལ་དོ་སྣང་ཆེ་བའི་མི་གྲངས་༥༠ སྐོར་འཛོམས་པའི་ཐོག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་མིས་བཟོས་རིག་ནུས་AI ལས་འཆར་སྤྱི་ཡོངས་སྐོར་ངོ་སྤྲོད་དང་སྦྲགས། འབྱུང་འགྱུར་ལོ་ཤས་རིང་དེང་རབས་ཤེས་ཡོན་གྱི་དེབ་གྲངས་ལྔ་བརྒྱ་ ༥༠༠ ཙམ་བོད་ཡིག་ཏུ་གང་མགྱོགས་སྒྱུར་དགོས་གལ་ཆེ་བའི་འགྲེལ་བརྗོད་གནང་། འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་བོད་མི་ཤེས་ཡོན་ཅན་དང་། གཞུང་ཞབས་ཟུར་པ། སློབ་གྲྭའི་དགེ་རྒན་། རྩོམ་པ་པོ། སྐད་ཡིག་གཉིས་གསུམ་ཤེས་མཁན་གྱི་བོད་མིའི་མི་འབོར་མང་བ་བྱང་ཨ་རི་གཙོ་བོར་གྱུར་པའི་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྤོས་བྱས་ནས་བཞུགས་བཞིན་པ་ལྟར། དེབ་གྲངས་ ༥༠༠ ཙམ་བསྒྱུར་རྒྱུའི་ལས་གཞི་འདི་ལ་ངེས་པར་དུ་སོ་སོས་དང་བླངས་གནང་དགོས་པ་དང་། ཡིག་སྒྱུར་མི་ཐུབ་མཁན་ཚོས་དེབ་གཅིག་བསྒྱུར་རྒྱུའི་འགྲོ་གྲོན་དཔལ་འབྱོར་རྒྱབ་སྐྱོར་རོགས་རམ་གནང་དགོས་པའི་རེ་བསྐུལ་གནང་།

དགེ་བཤེས་ལགས་ཀྱིས་དུས་རབས་འདིའི་ཚན་རིག་གི་མྱུར་ཚད་དང་མཐུན་པ་བོད་ཀྱི་སྐད་ཡིག་རྗེས་སུ་མ་ལུས་པ་བྱ་གལ་ཆེ་བ་དང་། ལྷག་དོན་འབྱུང་འགྱུར་ལོ་ངོ་ཁ་ཤས་རིང་མིས་བཟོས་རིག་ནུས་ཀྱི་ཁྱབ་ཚད་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པས་བོད་ཀྱི་སྐད་ཡིག་ཀྱང་དེའི་མྱུར་ཚད་ཀྱི་རྗེས་ཟིན་པ་ལ་དེང་རབས་ཀྱི་དེབ་གྲངས་ལྔ་བརྒྱ་ཙམ་བོད་ཡིག་ཏུ་སྒྱུར་རྒྱུ་གལ་ཆེན་པོ་ཡིན། དེབ་དེ་དག་བོད་སྐད་དུ་སྒྱུར་རྒྱུའི་ཐད་ནས་གཙོ་བོར་བྱང་ཨ་རིའི་ཁུལ་དུ་གནས་སྤོས་བྱས་པའི་བོད་མི་ཤེས་ཡོན་ཅན་ཚོས་དང་བླངས་ཞབས་ཞུ་གནང་བའི་ཐུགས་རེ་གནང་གི་ཡོད་པ་དང་། ལས་གཞི་འདིའི་ཐད་ལ་ཉེ་བའི་འཆར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་བོད་མི་ཤེས་ཡོན་ཅན་རྒན་པ་ཁག་ཅིག་གིས་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་བཞིན། འབྱུང་འགྱུར་ས་གནས་གཞན་ཁག་ཏུ་གནས་སྡོད་བོད་མི་དོན་གཉེར་ཅན་ཚོས་ཕྱོགས་མཚུངས་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཡང་ཞུས་གནང་ཡོད་པ་རེད། དགེ་བཤེས་སྨོན་ལམ་ལགས་དེ་སྔ་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ཕེབས་ནས་ས་གནས་བོད་རིགས་ཚོགས་པའི་སྤྱི་ཁང་དང་། བྱང་ཨ་རིའི་སྐུ་ཚབ་དོན་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོ་སོར་བོད་མི་འདུ་སྐོང་གིས་ལས་གཞི་འདིའི་སྐོར་ངོ་སྤྲོད་གནང་ཡོད་པ་རེད། སྐབས་དེར་ཁོང་གིས། བོད་མི་རྣམས་ལ་ད་ལྟའི་འཆར་ནང་ཆོས་དང་འབྲེལ་བའི་ཤེས་ཡོན་སྡེ་ཁག་གི་སྐོར་ལ་ཆ་རྐྱེན་མང་དག་ཅིག་ཡོད་ཀྱང་། དེང་རབས་ཀྱི་ཤེས་ཡོན། དཔེར་ན། ཕྱི་ལུགས་སྨན་པ་དང་། སྨན་ཞབས་པ། དེ་བཞིན་འཕྲུལ་རིགས་སོགས་བོད་ཡིག་ཐོག་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་ན། དགོས་ངེས་ཀྱི་ཆ་རྐྱེན་མེད་སྟབས། དེང་དུས་ཀྱི་ཤེས་ཡོན་དང་འབྲེལ་བའི་དེབ་གྲངས་༥༠༠ཙམ་ཡོད་པ་དེ་དག་བོད་ཡིག་ཐོག་བསྒྱུར་རྒྱུའི་ལས་གཞི་ཞིག་གང་མགྱོགས་སྤེལ་རྒྱུ་ཡིན་པ་དང་། ལས་གཞི་གཞི་རྒྱ་ཆེན་པོ་དང་དུས་ཚོད་མང་པོ་གཏོང་དགོས་ཀྱི་ཡོད་སྟབས། དགོས་ངེས་ཀྱི་དཔལ་འབྱོར་རོགས་སྐྱོར་ཐབས་འཚོལ་སྔོན་ལ་བོད་མི་ཤེས་ཡོན་ཅན་རྣམས་ཀྱིས་རང་རང་སོ་སོའི་ཅི་ལྕོགས་ཀྱི་རིན་མེད་ཡིག་སྒྱུར་མཐུན་འགྱུར་གནང་རྒྱུ་དང་། ཡང་ཡིག་སྒྱུར་གི་ཐད་ལ་དུས་ཚོད་གཏོང་རྒྱུ་ཁག་པོ་ཡོད་ཚེ། གཞན་དུས་ཚོད་ཡོད་པ་ཚོར་ཡིག་སྒྱུར་བྱ་རྒྱུར་དཔལ་འབྱོར་མཐུན་རྐྱེན་སྦྱོར་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད། འཆར་གཞི་གཞིར་བཟུང་ལྟར་ན། ལས་གཞི་དེ་ལོ་གསུམ་ཙམ་གྱི་ནང་མཇུག་བསྒྲིལ་ཐུབ་པའི་རེ་བ་གནང་གི་འདུག

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་གི་འདུ་འཛོམས་ཀྱི་མཇུག་ཏུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་བོད་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་དང་།ཟླ་སྣང་ཐེབས་རྩའི་འགན་འཛིན་གནས་གནང་བླ་མ་ཚེ་དབང་ལགས་དང་། ཧི་མ་ལ་ཡའི་རིག་གཞུང་བསྟི་གནས་ཁང་གི་འགན་འཛིན་ཀུན་དགའ་གསུམ་གྱིས་དགེ་བཤེས་ལགས་ཀྱིས་ལས་གཞི་རྒྱ་ཆེར་སྤེལ་བཞིན་པར་གཟེངས་བསྟོད་བཅས་ཕུལ་གནང་ཡོད་པ་རེད།། 

གསར་འགོད་པ། ཇོ་ལེབ་ཆོས་འཕེལ། པ་སངས་དོན་ལྡན།

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎