ཕྱི་ལོ་ ༡༩༡༣ ལོའི་སོག་པོ་དང་བོད་ཀྱི་འབྲེལ་ལམ་དང་ཆིངས་ཡིག་སྐོར་གྱི་དུས་དེབ་ཞིག་འགྲེམས་སྤེལ་གནང་ཡོད་པ།
ཕྱི་ཟླ་ ༩ ཚེས་ ༡༤ ཉིན་ལྷོ་སོག་པོའི་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་པའི་༡༩༡༣ ལོའི་ཟླ་ ༡ ཚེས་ ༡༡ ཉིན་སོག་པོ་དང་བོད་ཀྱི་མཛའ་གྲོགས་དང་ཕན་ཚུན་ངོས་འཛིན་ཆིངས་ཡིག་བཞག་ནས་ལོ་ངོ་ ༡༡༠ འཁོར་བའི་དུས་དྲན་གྱི་མཛད་སྒོ་ཞིག་གི་ཐོག་སོག་པོ་དང་བོད་ཀྱི་འབྲེལ་བ། ཕྱི་ལོ་༡༩༡༣ ལོའི་ཆིངས་ཡིག་སྐོར་གྱི་དུས་དེབ་ཞིག་འགྲེམ་སྤེལ་བྱས་ཡོད་པ་དང་། དུས་དེབ་དེའི་ནང་མཁས་པ་དང་འབྲེལ་ཡོད་ཁག་གིས་བྲིས་པའི་རྩོམ་ཡིག་བསྡུ་རུབ་བྱས་ཡོད་པ་རེད་། ཉི་ཧོང་གི་མཁས་དབང་མིའུ་ར་ཀོ་ཏ་རོ་ཡིས་མཛད་སྒོའི་ཐོག་ཕེབས་པའི་འཐུས་མི་རྣམས་ལ་འཚམས་འདྲི་གནང་བ་དང་འབྲེལ་བོད་དང་ལྷོ་སོག་པོའི་མི་རིགས་ཀྱི་འཐབ་རྩོད་དང་། ལས་འགུལ་ལ་རྒྱབ་སྐྱོར་གནང་ཏེ་དྲང་བདེན་དང་རང་དབང་ཐོབ་རྒྱུ་བརྩོན་ལེན་བྱ་རྒྱུ་དེ་ནི་འགྲོ་བ་མིའི་ཐོབ་རིགས་ཀྱི་ཐོབ་ཐང་ཡིན་པ་སོགས་གསུངས་འདུག
དེ་བཞིན་མཛད་སྒོ་དེའི་ཐོག་ཉི་ཧོང་སྐུ་ཚབ་དོན་གཅོད་ཨ་ཡར་ཚེ་དབང་རྒྱལ་པོ་ལགས་ཀྱིས་ད་རེས་སོག་པོ་དང་བོད་དབར་གྱི་འབྲེལ་བའི་དུས་དེབ་འགྲེམས་སྤེལ་གྱི་མཛད་སྒོ་གོ་སྒྲིག་གནང་མཁན་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་དུས་མཚུངས་ལོ་རྒྱུས་དང་། རིག་གཞུང། སྐད་ཡིག་གི་གལ་ཆེའི་རང་བཞིན་དང་། རྒྱ་ནག་གིས་སྔོན་ཆད་ཡོན་དང་ཆིང་རྒྱལ་རབས་ཀྱི་དབང་ཤུགས་ལ་གཞི་བཅོལ་ནས་སོག་པོ་དང་བོད་ལ་དབང་ཆ་ཡོད་པའི་ཐོབ་ཐང་རྩོད་ལེན་བྱེད་པ་དེ་གཞི་རྩ་མེད་པ་དང་། ལོ་རྒྱུས་ལ་བཟོ་བཅོས་བྱས་པ་ཞིག་ཡིན་པ་གསལ་བཤད་གནང་ཡོད་འདུག དེ་བཞིན་སོག་པོའི་ཞིབ་འཇུག་མཁས་པ་ཌོག་ཊར་མི་ཡ་ཝ་ཀི་ཇུན་ཀོ་ཡིས་རྒྱ་ནག་གིས་དོན་དངོས་ཐོག་བོད་དང་སོག་པོ་ལྟ་བུའི་མངའ་ཁོངས་གཞན་དག་བཙན་བཟུང་བྱས་པའི་སྐོར་ལ་གསུང་བཤད་གནང་ཏེ་རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་གཏོང་ཆེད་ནོར་འཁྲུལ་ཅན་གྱི་གནས་ཚུལ་སྤྲོད་བྱེད་བཞིན་ཡོད་པའི་སྐོར་གསུངས་འདུག ལྷོ་ཕྱོགས་སོག་པོའི་ལྷན་ཚོགས་གྱི་ཚོགས་གཞོན་ཨོལ་ཧོན་ཌི་ཆིན་གྱིས་ཕྱི་ལོ་ ༢༠༢༣ ཟླ་ ༧ ནང་སོག་པོ་དང་བོད་ཕན་ཚུན་ངོས་འཛིན་ཚོགས་འདུའི་རྩོམ་ཡིག་པར་སྐྲུན་བྱས་པའི་ནང་ཞུགས་མཁན་མི་སྣ་ཚོར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བོད་དང་སོག་པོའི་འབྲེལ་བ་རྒྱ་ནག་ལས་ཀྱང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་པ་གསུངས་ཡོད་པ་དང་ཆབས་ཅིག་། ༡༩༡༣ ལོའི་རྒྱལ་ཁབ་གཉིས་ཀྱི་ཆིངས་ཡིག་དེ་ད་དུང་ཡང་ནུས་ལྡན་ཡིན་པར་མཁས་པ་ཚོས་ངོས་འཛིན་གནང་དགོས་པའི་འབོད་སྐུལ་ཡང་གནང་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།