མོན་གྱི་བླ་མ་ལྷ་རྒྱལ་རིན་པོ་ཆེ་མཆོག་དགའ་ལྡན་ཚོགས་ཆེན་དུ་ཚོགས་ཆེན་སྤྲུལ་སྐུའི་ཆོས་བཞུགས་གནང་བ།

2023.11.18
མོན་གྱི་བླ་མ་ལྷ་རྒྱལ་རིན་པོ་ཆེ་མཆོག་དགའ་ལྡན་ཚོགས་ཆེན་དུ་ཚོགས་ཆེན་སྤྲུལ་སྐུའི་ཆོས་བཞུགས་གནང་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན། པདྨ་དངོས་གྲུབ།

ཟླ་བ་འདིའི་ཕྱི་ཚེས་༡༥ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་བའི་རྒྱ་གར་བྱང་ཤར་མོན་རྟ་དབང་ཁུལ་གྱི་སྤྲུལ་སྐུ་གསུམ་གྱི་ཡ་གྱལ་ལྷ་རྒྱལ་རིན་པོ་ཆེ་སྐུ་ཕྲེང་དགུ་པ་མཆོག་གི་ཡང་སྲིད་སྐུ་ཕྲེང་བཅུ་པ་ལ་དྭགས་སུ་འཁྲུངས་པ་བསྟན་འཛིན་དབང་ཆེན་ལགས་དགའ་ལྡན་ཚོགས་ཆེན་དུ་ཚོགས་ཆེན་སྤྲུལ་སྐུའི་ཆོས་བཞུགས་མཛད་སྒོ་དང་འབྲེལ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུའང་ཆོས་བཞུགས་མཛད་སྒོ་ཚོགས་གནང་ཡོད་ཅིང་། མཛད་སྒོའི་ཐོག་དགའ་ལྡན་ཤར་བྱང་གཉིས་ཀྱི་མཁན་ལས་ཟུར་རྣམ་པ་དང་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་གཞན་ཡང་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་གཙོས་པས་མོན་དང་ལ་དྭགས་ཁུལ་གྱི་དད་ལྡན་སེར་སྐྱ་མི་མང་མི་ཉུང་བ་ཞིག་མཛད་སྒོ་ཁག་གི་ནང་བཅར་གནང་ཡོད་ཅིང་ད་ལན་ལྷ་རྒྱལ་རིན་པོ་ཆེ་མཆོག་ཆོས་བཞུགས་ཀྱི་གལ་ཆེའི་མཛད་སྒོའི་ཐོག་ཕེབས་པའི་སྐུ་མགྲོན་རྣམ་པ་དང་མི་མང་རྣམས་ལ་རིན་པོ་ཆེ་མཆོག་གིས་ཐུགས་རྗེ་ཆེ་ཞེས་གསུང་གནང་ཡོད་པ་རེད།

b2c5869d-bd92-4f3b-9cf0-a7f410e1cf5b.jpg
སྐབས་དེར་མཛད་སྒོའི་ཐོག་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ནས་ལྷ་རྒྱལ་རིན་པོ་ཆེ་སྐུ་ཕྲེང་དགུ་པ་དགོངས་པ་རྫོགས་པའི་རྗེས་མོན་ཡུལ་གྱི་མི་མང་རྣམས་སེམས་སྡུག་ཆེན་པོ་བྱུང་ཡང་སྟོན་པའི་བཀྲིན་ལ་བརྟེན་ནས་ལོ་གཉིས་ཀྱི་རྗེས་སུ་རིན་པོ་ཆེ་མཆོག་གི་ཡང་སྲིད་ལ་དྭགས་སུ་འཁྲུངས་ཞིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཀྲིན་ལ་བརྟེན་ནས་ཁོང་གི་ཡང་སྲིད་འཚོལ་ཞིབ་བྱ་རྒྱུར་དཀའ་ངལ་གང་ཡང་མ་བྱུང་བ་སོགས་ཀྱི་འགྲེལ་བརྗོད་གནང་སོང་།
ཁོང་གིས་མུ་མཐུད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་བ་ལྟར་ནང་པ་སངས་རྒྱས་པའི་ཆོས་དེ་ཡུན་རིང་མི་ཉམས་རྒྱུད་འཛིན་ཡོངས་རྒྱུར་ཧི་མ་ལ་ཡ་རི་རྒྱུད་ཀྱི་ནང་ཆོས་རྗེས་འབྲང་པ་རྣམས་ལ་འགན་འཁྲིད་དམིགས་བསལ་ཞིག་ཡོད་པའི་བཀའ་གནང་བ་ལྟར་ང་ཚོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་རྣམས་ཀྱི་སྨོན་ལམ་རྒྱབ་པས་མཇུག་འབྲས་བྱིན་བརླབས་ཀྱི་ཚུལ་དུ་ལྷ་རྒྱལ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་སྐུ་འཁྲུངས་པ་ཞིག་ཡིན་པའི་འགྲེལ་བརྗོད་གནང་སོང་།
ཡང་དགའ་ལྡན་བྱང་རྩེ་མཁན་རིན་པོ་ཆེ་བློ་བཟང་བསྟན་པ་མཆོག་གིས། འགྲོ་ལ་ཕན་བདེ་མ་ལུས་པ་འབྱུང་བའི་གནས་སངས་རྒྱས་ཀྱི་བསྟན་པ་དང་བསྟན་པ་དེ་འཛིན་གྱི་སྐྱེ་བོ་དམ་པ་རྣམས་ལ་རགས་ལུས་ཡོད་དུས་ཕྱི་ལོ་༢༠༡༧ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལྷ་རྒྱལ་རིན་པོ་ཆེ་མཆོག་དབུ་སྐྲ་བཙུག་ཕུད་བཞེས་སྐབས་སུ་ལུང་བསྟན་གྱི་ཚུལ་དུ་མ་འོངས་པར་ཤར་མོན་ནས་ནུབ་ལ་དྭགས་བར་སྤྲུལ་སྐུ་ཁོང་རྣམ་བསྟན་པ་འཛིན་རྒྱུ་ཡིན་པའི་བཀའ་གནང་བ་ལྟར་འབྲེལ་ཡོད་ཚང་མས་དེའི་ཐོག་ཐུགས་སྨོན་གནང་བའི་ཞེན་སྐུལ་གནང་ཡོད་པ་རེད།
དེ་བཞིན་ཡང་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལྷ་རྒྱལ་རིན་པོ་ཆེ་རྣམ་རྒྱལ་གྲྭ་ཚང་དུ་བདག་ཉར་གྱི་བསླབ་པ་སློབ་གཉེར་གྱི་ཐོག་ཐུགས་འཁུར་བཞེས་དགོས་པའི་ལམ་སྟོན་གནང་བ་གཞིར་བཟུང་ད་བར་འདས་པའི་ལོ་དྲུག་གི་རིང་ཁོང་ནས་གང་ལེགས་གནང་ཡོད་པས་མ་ཟད་ད་དུང་མུ་མཐུད་གནང་འཆར་ཡོད་པ་གསུང་གནང་སོང་།

a1449dc0-7d15-4692-b112-082694c770a9.jpg
དེ་བཞིན་ཡང་ལྷ་རྒྱལ་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་རྒྱུར་ཐུགས་འགན་རྐང་བཞེས་གནང་མཁན་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཐུབ་བསྟན་ཡར་འཕེལ་རིན་པོ་ཆེ་མཆོག་གིས་གསུང་ཡས་ལ་ལྷ་རྒྱལ་རིན་པོ་ཆེ་མཆོག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གཟིགས་པ་རྒྱ་ཆེ་ཡོད་པ་བཞིན་ཁོང་རྣམ་པས་ཀྱང་དེ་ལྟར་ཐུགས་རེ་གནང་བཞིན་ཡོད་པ་གསུང་གནང་བྱུང་།
གཞི་རྩའི་ལྷ་རྒྱལ་རིན་པོ་ཆེ་སྐུ་ཕྲེང་དང་པོ་དེ་ནི་བོད་དུ་གྲུབ་ཐོབ་ཐང་མཐོང་རྒྱལ་པོའི་སྐབས་མོན་ཡུལ་དུ་རྒྱལ་པོ་བཀའ་ལ་དབང་པོ་དང་བཙུན་མོ་སྒྲོལ་བ་བཟང་མོ་གཉིས་ཀྱི་སྲས་ལྷ་སྲས་ཀུན་ཏུ་བཟང་པོའི་ཡང་སྲིད་དུ་ངོས་འཛིན་བྱས་པ་ནས་བཟུང་ད་བར་སྐུ་ཕྲེང་བཅུ་བྱུང་པའི་ཁྲོད་ལྷ་རྒྱལ་རིན་པོ་ཆེ་སྐུ་ཕྲེང་དགུ་པ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་གིས་མོན་ཁུལ་གྱི་མི་མང་རྣམས་ལ་ཕན་ཐོག་རྒྱ་ཆེ་སྒྲུབ་ཡོད་པ་མ་ཟད་མོན་ཁུལ་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་གྲྭ་རྒྱུན་བཏང་གནང་མཛད་པ་སོགས་ཀྱི་མཛད་འཕྲིན་བསྐྱངས་པའི་མཐར་ཁོང་ཕྱི་ལོ་༢༠༡༣ཟླ་༡༡ཚེས་༢༩ལོར་དགུང་ལོ་༦༨ཐོག་དགོངས་པ་རྫོགས་རྗེས་ཁོང་གི་སློབ་ཚོགས་འདུལ་བྱ་རྣམས་ཀྱི་རེ་འདུན་ལྟར་བྱང་རྩེ་གྲྭ་ཚང་གི་ཐུབ་བསྟན་ཡར་འཕེལ་རིན་པོ་ཆེ་མཆོག་ནས་ལྷ་རྒྱལ་རིན་པོ་ཆེ་མཆོག་གི་ཡང་སྲིད་རྩད་གཅོད་ཀྱི་ཐུགས་འཁུར་རྐང་བཞེས་ཀྱི་འོག་ཕྱི་ལོ་༢༠༡༥ཟླ་༣ཚེས་༢༧ཉིན་ལ་དྭགས་སུ་འཁྲུངས་པའི་ཁྱིའུ་བསྟན་འཛིན་དབང་ཆེན་ལགས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཡ་མཚན་རྨད་བྱུང་གི་རྟགས་དང་མཚན་མ་དུ་མ་གཟིགས་པ་སོགས་ལ་བརྟེན་ནས་མགོན་པོ་གང་ཉིད་ནས་ཕྱི་ལོ་༢༠༡༧ཟླ་བ་༨ཚེས་༡ཉིན་ཁྱིའུ་དེ་ལྷ་རྒྱལ་རིན་པོ་ཆེ་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་ཕྱག་རྟགས་ཕེབས་པའི་རྗེས་ཕྱི་ལོ་༢༠༡༧ཟླ་བ་༡༡ཚེས་༡ཉིན་དབུ་སྐྲ་བཙུག་ཕུད་བཞེས་གནང་ཞིང་། རྣམ་རྒྱལ་གྲྭ་ཚང་དུ་ཡང་སྲིད་རིན་པོ་ཆེ་མཆོག་ནས་ཐུན་མོང་རིག་གནས་དང་ནང་དོན་རིག་པའི་གཞུང་ལ་ལོ་དྲུག་རིང་སློབ་གཉེར་གནང་ཞིང་། བྱང་རྩེ་གྲྭ་ཚང་གི་གྲ་སྙི་ཁང་མཚན་དང་དེ་བཞིན་གྲྭ་ཚང་དང་བླ་སྤྱི་བཅས་རིམ་པ་རྒྱུད་དེ་གསོལ་འདེབས་ཞུས་པ་བཞིན་ཕྱི་ལོ་༢༠༡༩ལོར་རིན་པོ་ཆེ་མཆོག་ལ་དགའ་ལྡན་ཚོགས་ཆེན་སྤྲུལ་སྐུའི་མཚན་གནད་གནང་སྟེ་འདི་ཚེས་༡༥ཉིན་དགའ་ལྡན་ཚོགས་ཆེན་དུ་ཚོགས་ཆེན་སྤྲུལ་སྐུའི་ཆོས་བཞུགས་དང་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཆོས་བཞུགས་གནང་ཡོད་པ་རེད།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎