རྒྱ་གར་གྱི་སྲིད་བློན་མོ་དྷི་སྟོན་པ་འཁྲུངས་ཡུལ་གནས་མཆོག་ལུམ་བི་ནི་ཚལ་དུ་ཐེངས་དང་པོ་ཕེབས་འདུག

ཕྱི་ཟླ་༥ཚེས་༡༦ཉིན་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མོ་དྷི་(Narendra Modi)་མཆོག་བལ་ཡུལ་གྱི་ས་ཁུལ་ལུམ་བི་ནི་(Lumbini)་ཚལ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་ནས་ལོ་༢༥༦༦འཁོར་བའི་དུས་ཆེན་སྲུང་བརྩི་མཛད་སྒོའི་ཐོག་ཆེད་ཕེབས་གནང་ཞིང་། ཁོང་གིས་ད་རེས་དུས་ཆེན་གལ་ཆེ་འདིར་ངོས་རང་དངོས་སུ་ལུམ་བི་ནིར་སླེབས་ཐུབ་པ་འདི་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གོང་མཐོ་ཡོང་བར་གོ་སྐབས་བཟང་པོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་གསུངས་འདུག
རྒྱ་ནག་གཞུང་གིས་ལུམ་བི་ནི་ཁུལ་འཛུགས་བསྐྲུན་ཡར་རྒྱས་གཏོང་ཆེད་འགྲོ་གྲོན་ཕན་ཆེན་བཏང་དང་གཏོང་བཞིན་ཡོད་ལ། གནམ་ཐང་ཞིང་ཀྱང་འཛུགས་བསྐྲུན་བྱས་ཡོད་པ་རེད། འོན་ཀྱང་རྒྱ་གར་གྱི་སྲིད་བློན་མཆོག་ལུམ་བི་ནིར་ཕེབས་སྐབས་རྒྱ་ནག་གིས་བཟོས་པའི་གནམ་ཐང་དེ་བེད་སྤྱོད་མ་གནང་པར། ཐད་འཕུར་གནམ་གྲུའི་ཐོག་ཕེབས་འདུག
བལ་ཡུལ་ནང་གནས་སྡོད་བལ་ཡུལ་གྱི་ལོ་རྒྱུས་སྨྲ་བ་སྐུ་ཞབས་(Ramesh Dhungel)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་སྲིད་བློན་མོ་དྷི་མཆོག་ཐད་ཀར་ལུམ་བི་ནི་རུ་ཕེབས་ནས་རྒྱལ་དོན་འཚམས་གཟིགས་གནང་པ་ནི་ལོ་རྒྱུས་ཀྱི་ཐོག་ནས་གལ་འགངས་ཆེན་པོ་ཆགས་ཡོད་པ་མ་ཟད། ཁོང་ནི་རྒྱ་གར་གྱི་སྲིད་བློན་རིམ་པའི་ཁྲོད་འདི་ལྟར་ཕེབས་མཁན་ཐོག་མ་དེ་ཡིན་ལ། ལྷག་པར་དུ་ལུམ་བིའི་ནང་རྒྱ་ནག་གཞུང་གིས་ནང་ཆོས་དང་འབྲེལ་བའི་ལྟེ་གནས་ཆེན་པོ་ཞིག་གསར་རྒྱག་བྱས་ཡོད་ཅིང་། རྒྱ་གར་གྱི་ངོས་ནས་ཀྱང་ད་རེས་སྲིད་བློན་མོ་དྷི་འཚམས་སུ་ཕེབས་པ་དང་བསྟུན་ནང་ཆོས་སློབ་གཉེར་བྱེད་སའི་ལྟེ་གནས་ཞིག་ཀྱང་གསར་རྒྱག་བྱེད་འགོ་བཙུགས་ཡོདཔ་རེད། འདིའི་ཐོག་ནས་རྒྱ་གར་དང་རྒྱ་ནག་གཉིས་ཀའི་ངོས་ནས་ནང་ཆོས་བརྒྱུད་ནས་བལ་ཡུལ་ནང་སོ་སོའི་ཤུགས་རྐྱེན་གནས་ཐབས་བྱེད་བཞིན་པ་ནི་གསལ་པོ་ཡིན་པ་ཞལ་པར་ཐོག་གསུངས་བྱུང་།
ད་རེས་སྲིད་བློན་མོ་དྷི་མཆོག་གིས་བལ་ཡུལ་ནང་གི་རྒྱལ་དོན་མཚམས་གཟིགས་འདི་ནི་༢༠༡༤ལོར་ཁོང་རྒྱ་གར་གྱི་སྲིད་བློན་དུ་བདམས་ཐོན་བྱུང་ནས་བཟུང་བལ་ཡུལ་ནང་རྒྱལ་དོན་མཚམས་སུ་ཕེབས་པ་ཐེངས་༥པ་དེ་ཆགས་ཀྱི་ཡོད་པ་རེད།
ཡང་བལ་ཡུལ་གྱི་སྲིད་བྱུས་ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་སན་ཏོཤ་ཤར་མ་(Santosh Sharma)ལགས་ཀྱིས། དེང་སྐབས་ནང་ཆོས་ནི་ལྷོ་ཨེ་ཤེ་ཡའི་ནང་གི་མི་མང་ཚོར་ཤུགས་རྐྱེན་སྤྲོད་རྒྱུའི་ལག་ཆ་གལ་ཆེ་ཞིག་ཆགས་ཡོད་པའི་གནས་སྟངས་འོག་རྒྱ་ནག་ལ་གོ་སྐབས་ཡག་ཤོས་དེ་ཡོད་པ་གསལ་པོ་རེད། ད་རེས་མོ་དྷི་རྒྱ་གར་ནས་བལ་ཡུལ་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་སྐབས་རྒྱ་ནག་གིས་བལ་ཡུལ་ནང་བཟོ་བསྐྲུན་བྱས་པའི་(Gautama Buddha)་གནམ་ཐང་བརྒྱུད་མ་ཕེབས་པར། ཁོང་སྒེར་གྱི་ཐད་འཕུར་གནམ་གྲུ་བརྒྱུད་ཆེད་ཕེབས་གནང་པ་དེས་རྒྱ་ནག་གིས་བཟོས་བསྐྲུན་བྱས་པའི་གནམ་ཐང་དེའི་ནང་འབབ་འདོད་མེད་པ་གསལ་པོ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་(International Buddhist Confederation)་ཀྱི་རྒྱུན་ལས་སྐུ་ཞབས་ མ་ལིང་དགོན་པོ་(Maling Gombu)་ལགས་ཀྱིས། རྒྱ་གར་དང་བལ་ཡུལ་གཉིས་བར་ཆོས་དང་རིག་གཞུང་གི་གནའ་རབས་ནས་དམིགས་བསལ་གྱི་འབྲེལ་བ་ཡོད་པར་བརྟེན། ད་རེས་སྲིད་བློན་མོ་དྷི་མཆོག་བལ་ཡུལ་ལ་ཕེབས་པ་འདིས། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དེ་ཡང་གོང་མཐོར་འགྲོ་ངེས་ཡིན་པ་མ་ཟད། བལ་ཡུལ་གྱི་བརྟན་རླིང་ལ་ཡང་ཕན་ཐོགས་ཡོང་ངེས་ཡིན་པའི་དགོངས་ཚུལ་གསུང་གི་འདུག
སྟོན་པ་སྐུ་བལྟམས་པའི་མཛད་སྒོའི་ཐོག་བལ་ཡུལ་གྱི་སྲིད་བློན་ ཤེར་བྷ་དུར་དྷེའུ་སྦ་(Sher Bahadur Deuba)་ལགས་ཀྱིས། གནས་མཆོག་ལུམ་བི་ནི་རུ་སྲིད་བློན་མོ་དྷི་ལ་དམིགས་བསལ་སྣེ་ལེན་ཞུ་ཐུབ་པ་བྱུང་བར་ཧ་ཅང་གི་དགའ་ཚོར་བྱུང་བ་གསུངས་འདུག
བལ་ཡུལ་དང་རྒྱ་གར་བར་ལོ་ངོ་སྟོང་ཕྲག་འགའ་ཤས་རིང་ནང་ཆོས་ཐོག་ནས་དམིགས་བསལ་འབྲེལ་བ་ཞིག་ཡོད་ལ། དེང་སྐབས་རྒྱལ་ཁབ་གཉིས་ཀས་ནང་ཆོས་མི་ཉམས་རྒྱུན་འཛིན་ཐད་དོ་འཁུར་བྱེད་བཞིན་ཡོད་པ་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ ཨ་རིན་དྷམ་སྦག་ཆི་(Arindam Bagchi)་ལགས་ཀྱིས་ཁོང་གི་ཊུ་ཊར་དྲ་ཚིག་(Twitter)་སྟེང་བཀོད་འདུག
ད་རེས་སྲིད་བློན་མོ་དྷི་བལ་ཡུལ་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པ་དང་བསྟུན། བལ་ཡུལ་གྱི་སྲིད་བློན་ཤེར་བྷ་དྷུར་དྷེའུ་སྦ་(Sher Bahadur Deuba)་དང་ལྷན་དུ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་། ཕན་ཚུན་ནང་ཆོས་སྤེལ་རེས། དེ་བཞིན་ཤེས་ཡོན་བརྗེ་ལེན་སོགས་དང་འབྲེལ་བའི་གྲོས་མཐུན་དོན་ཚན་དྲུག་གི་ཐོག་མཚན་རྟགས་བཀོད་ཡོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།