༄༅༎རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་གྲགས་ཅན་ཀའོ་ཀྲི་ཧེང་འདས་པའི་ལོ་ངོ་གཅིག་ཙམ་རིང་གར་སོང་ཆ་མེད་དུ་གྱུར་ཀྱང་ད་ཆ་རྒྱ་ནག་གི་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཏན་ནང་གནས་སྡོད་བྱེད་བཞིན་ཡོད་ལུགས་ཨ་རིའི་གྲོང་ཁྱེར་སེན་ཕེ་རན་སི་སི་ཀོ་ རུ་རྟེན་གཞི་བྱས་པའི་ཏུའེ་ཧ་ཐེབས་རྩ་ཁང་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་གནས་ཚུལ་སྤེལ་འདུག
ཨ་རིའི་རྒྱལ་ས་ལྦ་ཤིང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་གི་གཞུང་ཚབ་ཁང་གིས་སྐུ་ཞབས་ཀའོ་ཀྲི་ཧྲེང་ཤིན་ཅང་དུ་གནས་སྡོད་བྱེད་ཀྱི་ཡོད་ལུགས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཧུའེ་ཧ་ཐེབས་རྩ་ཚོགས་པར་གསུངས་འདུག ཁྲིམས་རྩོད་པ་གྲགས་ཅན་ཀའོ་ཀྲི་ཧྲེང་གི་སྙིང་སྟོབས་ལ་རང་དབང་ཅན་གྱི་ཡུལ་གྲུའི་ནང་བསྔགས་བརྗོད་ཆེན་པོ་ཞུས་པ་མ་ཟད། སྔར་ལོ་ཨ་རིའི་གྲོས་ཚོགས་ཀྱིས་སྐུ་ཞབས་ཀའོ་ཀྲི་ཧེང་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་འདེམས་ཐོན་གནང་བ་རེད། རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་གྲགས་ཅན་ཀའོ་ཀྲི་ཧེང་ནི་དེ་སྔ་ཁྲིམས་རྩོད་པ་གྲགས་ཅན་ཞིག་ཡིན་པ་མ་ཟད། རྒྱ་ནག་གུང་གྲན་ཏང་གི་ཚོགས་པའི་ཚོགས་མི་ཡིན་པ་རེད།
འོན་ཀྱང་ཁོང་གིས་ཉམ་ཆུང་མི་མང་གི་དཀའ་སྡུག་སེལ་ཐབས་སྤྱི་དང་། ལྷག་པར་དུ་ཡེ་ཤུའི་ཆོས་ལུགས་རྗེས་འབྲངས་པ་དང་། ཕ་ལུང་ཀུང་ཆོས་འཁོར་སྒོམ་སྒྲུབ་པའི་རྗེས་འབྲངས་པ། རྡོ་སོལ་བསྔོག་འདོན་བཟོ་པ་སོགས་ཀྱི་ཁྲིམས་རྩོད་གནང་སྟེ་རྒྱ་ནག་གཞུང་ནས་གུན་གསབ་དང་ཐོིབ་ཐང་བརྩད་པར་བརྟེན་རྒྱ་ནག་གཞུང་གིས་ཁོང་ལ་དམ་བསྒྲགས་དང་འཛིན་བཟུང་དོ་དམ་བྱས་པ་ཡིན་པ་རེད། ཕྱི་ལོ་༢༠༠༦་ལོར་ཁོང་ལ་རྒྱལ་ཁབ་མགོ་རྟིང་སློག་རྒྱུའི་ངན་བྱུས་བཤམས་པའི་ཉེས་འཛུགས་འོག་ལོ་ངོ་གསུམ་བཙོན་འཇུག་དུས་འགྱངས་བཅད་ཁྲ་བཏང་སྟེ་བཟང་བཙོན་ལྟ་བུར་དམ་བསྒྲགས་འོག་བཞག་པ་རེད། སྐུ་ཞབས་ཀའོ་ཀྲི་ཧྲེང་བཙོན་འཇུག་རིང་གདུག་རྩུབ་མནར་གཅོད་ཚོད་མེད་བཏང་བའ་གནས་ཚུལ་བྱུང་འདུག།