ཨ་རིས་བོད་ནང་གི་ཆོས་དད་གནས་བབ་སྡུག་པོ་ཡོད་པ་གླེང་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱས་འདུག

0:00 / 0:00

ཨ་མི་རི་ཀའི་སྲིད་འཛིན་གཞོན་པས་རྒྱ་ནག་གཞུང་གིས་བོད་ནང་དུ་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་དང་པཎ་ཆེན་རིན་པོ་ཆེའི་གནས་སྟངས་སྐོར་གླེང་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་འདུག
དེ་ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདུ་བསྐོང་གནང་པའི་ཆོས་དད་རང་དབང་དར་སྤེལ་ཆེད་ཀྱི་ཆེས་མཐོའི་ལྷན་ཚོགས་ཐེངས་གཉིས་པའི་ཉིན་མཐའ་མ་སྟེ་སྤྱི་ཚེས་༡༨་ཉིན། ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་(Mike Pence)་མཆོག་གིས་འཛམ་གླིང་ནང་གི་ཆོས་དད་རང་དབང་གྱི་གནས་བབ་ཐད་གསུངས་སྐབས། རྒྱ་ནག་གཞུང་གིས་སྡུག་སྦྱོང་གཏོང་ཡུལ་གྱི་ཆོས་ལུགས་དང་། ཡུལ་ལུང་། སྡེ་ཚན་ཁག་རེ་རེ་བཞིན་གསལ་བཏོན་གྱིས་གསུངས་སྐབས། དང་ཐོག་བོད་ནང་དུ་༡༩༩༥་ནས་བཟུང་ད་བར་ཆོས་དད་རང་དབང་གི་གནས་སྟངས་སྐྱོ་བོ་ཡོད་པ་དང་། ལྷག་པར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཁོར་དང་བཅས་པ་འཛིན་བཟུང་བཙན་ཁྲིད་བྱས་ནས་ད་ཆ་གར་སོང་ཆ་མེད་གྱུར་ནས་ལོ་ ༢༤ ་སོང་བ་གསུངས་ཤིང་། ཨ་མི་རི་ཀའི་ངོས་ནས་རྒྱ་ནག་མཉམ་དུ་ཚོང་དོན་གྱི་གྲོས་མོལ་གང་འདྲ་ཞིག་གནང་ཡང་། རྒྱ་ནག་ནང་གི་ཆོས་དད་པ་ཚང་མའི་དཀའ་སྡུག་མཉམ་དུ་གླེང་རྒྱུ་ཡིན་པའི་ཁས་ལེན་ཡང་གནང་སོང་།
དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདུ་བསྐོང་གནང་བའི་ཆོས་དད་རང་དབང་དར་སྤེལ་ཆེད་ཀྱི་ཆེས་མཐོའི་ལྷན་ཚོགས་ཐེངས་གཉིས་པའི་ཐོག་བཅར་མཁན་གྱི་རྒྱལ་ཁབ་ཁག་གི་གཞུང་འཛིན་མི་སྣར། རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་ནས་འགོག་རྐྱེན་སྤྲད་ཐབས་བྱེད་ཡོད་པ་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་མཆོག་གིས་སྐྱོན་བརྗོད་གནང་བ་དང་སྦྲགས། རྒྱ་ནག་གཞུང་གི་གནོན་ཤུགས་ལ་མ་བརྩིས་པར་ད་རེས་ཚོགས་འདུའི་ཐོག་ལ་ཕེབས་ཞུགས་གནང་མཁན་ཡོངས་ལ་ལེགས་བསུའི་བསྔགས་བརྗོད་དང་གུས་བརྩི། དོ་སྣང་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་མཆོག་གིས་ད་དུང་། རྒྱ་ནག་དམར་ཤོག་གཞུང་འཛིན་གྱི་ངོས་ནས་རྒྱ་ནག་མི་མང་གི་ཚེ་སྲོག་དང་སེམས་ཁམས་ཡན་ལ་སྟངས་འཛིན་བྱེད་བཞིན་པར་སྐྱོན་བརྗོད་གནང་ཞིང་། རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཆོས་དད་མི་སྣ་སྡུག་སྦྱོང་མྱོང་མཁན་ཡོངས་ལ་གདུང་སེམས་མཉམ་སྐྱེས་ཡོད་པ་ནན་བརྗོད་གནང་སོང་།
ལྷན་ཚོགས་ཐོག་ལ་རྒྱ་ནག་གཞུང་གི་སྡུག་རྩུབ་འོག་དགོངས་པ་རྫོགས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས། བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སྐྱོ་པོ་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་རིན་པོ་ཆེ་གར་ཡོད་ཙམ་ཡང་ཤེས་རྟོགས་མེད་པ་སོགས་གླེང་སློང་གནང་ཞིང་། རེས་གཟའ་ལྷག་པའི་ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཨ་རིའི་སྲིད་འཛིན་མཆོག་དང་མཇལ་འཕྲད་སྐབས་བོད་ནང་གི་བོད་མི་ཚོར་རྒྱབ་སྐྱོར་དགོས་པ་དང་། ༧གོང་ས་མཆོག་བོད་ནང་དུ་ཆིབས་བསྒྱུར་གནང་ཐུབ་པར་རྒྱབ་སྐྱོར་གནང་རོགས་ཞེས་ཞུས་ཡོད་པ་ལྟར། ད་ཐེངས་བོད་ནང་གི་བོད་མིའི་མངོན་འདོད་ཞུ་སྐུལ་བྱེད་ས་བྱུང་བར་བློ་ཡིད་ཚིམ་པོ་བྱུང་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ད་ཐེངས་ཀྱི་ལྷན་ཚོགས་ཉིན་གསུམ་པར་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་རྒྱལ་ཁབ་འདྲ་མིན་གྱི་ཕྱི་སྲིད་བློན་ཆེན་༣༠་ཙམ་དང་། དེ་མིན་གྱི་ཆེས་མཐོའི་དཔོན་རིགས་བརྒྱ་ཕྲག་དང་ཆོས་དད་རང་དབང་དང་འབྲེལ་ནས་སྡུག་སྦྱོང་ཕོག་མཁན་ཆོས་ལུགས་འདྲ་མིན་གྱི་མི་སྣ་བཅས་མི་གྲངས་ལྔ་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་པ་རེད།

Mike Pence on Tibet and Panchen Lama

US Vice President Mike Pence raises Tibet and Panchen Rinpoche at the last day of the Ministerial to advance International Religious Freedom, 2019 ཨ་མི་རི་ཀའི་སྲིད་འཛིན་གཞོན་པས་རྒྱ་ནག་གཞུང་གིས་བོད་ནང་དུ་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་དང་པཎ་ཆེན་རིན་པོ་ཆེའི་གནས་སྟངས་སྐོར་གླེང་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་འདུག Reporter: Tashi Wangchuk Producer: Nordhey Dolma

Posted by Rfa Tibetan on Thursday, July 18, 2019