རྒྱ་གར་དུ་ཕག་པའི་ནད་ཡམས་འགོས་ཁྱབ་ཀྱི་ཉེན་ཁ།

རྒྱ་གར་ནང་མི་འབོར་ཆེ་བའི་རྐྱེན་པས་ཕག་པའི་རིམས་ནད་འགོས་ཁྱབ་འགྲོ་རྒྱུར་ཉེན་ཁ་ཆེན་པོ་ཡོད་པ་དེར་དོགས་ཟོན་གནང་དགོས་སྐོར།

2009.08.21

༄༅༎རྒྱ་གར་ནང་མི་འབོར་ཆེ་བའི་རྐྱེན་པས་ཕག་པའི་རིམས་ནད་འགོས་ཁྱབ་འགྲོ་རྒྱུར་ཉེན་ཁ་ཆེན་པོ་ཡོད་པ་དེར་དོགས་ཟོན་གནང་དགོས་ཀྱི་ཡོད་ལུགས་རྒྱ་གར་གྱི་འཕྲོད་བསྟེན་བློན་ཆེན་མཆོག་ནས་དེ་རིང་ཉེན་བརྡ་བཏང་ཡོད་པ་རེད།

དེ་ཡང་དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཁུལ་དུ་ས་གནས་འཕྲོད་བསྟེན་གྱི་བློན་ཆེན་ལྷན་འཛོམས་སར་རྒྱ་གར་གྱི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་གུ་ལམ་ན་བི་ཨ་ཛ་རྡི་ཡིས་རྒྱ་གར་ནང་མི་འབོར་དུང་ཕྱུར་གཅིག་དང་ཚགས་གཉིས་ཙམ་ཡོད་པར་བརྟེན་དེང་སྐབས་འཛམ་གླིང་ནང་དར་ཁྱབ་འགྲོ་བའི་ཕག་པའི་ནད་ཡམས་དེ་འགོས་ཁྱབ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པས་དེར་དོགས་ཟོན་དང་ས་གནས་ཁག་གི་འཕྲོད་བསྟེན་ཚན་པས་ནད་ཡམས་དེ་འགོག་ཐབས་ཀྱི་ལས་འགུལ་སྤེལ་རྒྱུར་འཐུད་ཤོར་མེད་པ་གནང་དགོས་ཀྱི་ཡོད་ལུགས་ནན་བརྗོད་གནང་ཡོད་པ་རེད། ཕྱི་ཟླ་བརྒྱད་པའི་ཚེས་གསུམ་ཉིན་རྒྱ་གར་ནང་ཐོག་པར་ཕག་པའི་ནད་ཡམས་ཀྱི་དོན་རྐྱེན་འོག་མི་འདས་གྲོངས་སུ་གྱུར་བ་དང་མང་པོ་ཞི་གལ་ནད་ཡམས་འགོས་ཁྱབ་བྱུང་བའི་གནས་ཚུལ་བྱུང་བའི་རྗེས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་ཉིན་ལྟར་ཕག་པའི་ནད་ཡམས་སྐོར་གནས་ཚུལ་སྤེལ་གྱི་ཡོད་པ་རེད། འཕྲོད་བསྟེན་བློན་ཆེན་ཨ་ཛ་རྡི་ཡིས་མུ་མཐུད་གསུངས་ན་འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ཀྱི་གསར་དུ་བཏོན་གནང་བའི་ནད་ཡམས་དེའི་སྐོར་གྱི་སྙན་ཐོའི་ནང་དོན་ལྟར་ཡིན་ན་འདི་ལོ་ཕྱི་ཟླ་བཞི་པའི་ནང་ནས་འཛམ་གླིང་ཐོག་ཕག་པའི་ནད་ཡམས་དེ་ཁྱབ་བརྡལ་བྱུང་བའི་རྗེས་རྒྱལ་སྤྱིའི་ཐོག་ཁྱོན་མི་མང་ཆིག་སྟོང་བརྒྱད་བརྒྱ་ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པ་ནས་རྒྱ་གར་ནང་ད་བར་ནད་ཡམས་དེའི་འོག་མི་མང་གསུམ་ཅུ་སོ་དྲུག་རྐྱེན་འདསས་སུ་གྱུར་ཡོད་པ་རེད་ཅེས་བརྗོད་འདུག དེ་དང་ཕྱོགས་མཚུངས་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ཁྲེན་ནས་ཀྱང་འཛམ་གླིང་ཐོག་ཕག་པའི་ནད་ཡམས་བཀག་འགོག་གི་ལས་དོན་སྤེལ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། ད་རེས་རྒྱ་གར་ནང་ཕག་པའི་ནད་ཡམས་ཁྱབ་བརྡལ་ཤུགས་ཆེ་བྱུང་བའི་རྐྱེན་ནས་ནད་ཡམས་ཁྱབ་བརྡལ་བྱུང་སའི་ས་ཁུལ་ཁག་ནང་སློབ་གྲྭ་དང་ཚོང་ཁང་ཟ་ཁང་དེ་བཞིན་མི་མང་འདུ་འཛོམས་བྱེད་ཡུལ་ཁག་མང་པོ་ཞིག་སྒོ་རྒྱབ་དགོས་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎