རྒྱ་ནག་གི་དམིགས་བསལ་དམག་སྡེ་རུ་ཁག་ནས་བོད་ནང་དམག་སྦྱོང་།
བདུན་ཕྲག་སྔོན་མར་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་ས་འབྲེལ་བོད་མངའ་རིས་སུ་རྒྱ་ནག་གི་དྲག་ཆས་ཉེན་རྟོག་མངའ་རིས་ཡན་ལག་རུ་ཁག་གིས་ས་བབ་མཐོ་ཚད་སྨི་ཊར་༤༥༠༠ལྷག་ཙམ་ཟིན་པའི་གངས་ཏི་སེ་རི་རྒྱུད་ཀྱི་དབུས་ཁུལ་དུ། བདུན་ཕྲག་གཅིག་གི་རིང་དམིགས་བསལ་དམག་འཐབ་རུ་མི་བརྒྱ་ལྷག་རྩ་འཛུགས་བྱས་ཏེ། ས་མཐོའི་མཐོ་གྲང་རི་ཁུལ་གྱི་ཁོར་ཡུག་འོག་དམིལ་བསལ་དམག་སྦྱོང་བྱས་ཡོད་པ་རེད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བར་གཞིགས་ན་རྒྱ་ནག་གཞུང་གི་དམིག་བསལ་དམག་སྦྱོང་བྱེད་དགོས་པའི་དམིགས་ཡུལ་དེ་འདི་ལོ་ཕྱི་ཟླ་དྲུག་པའི་ནང་རྒྱ་དཀར་ནག་གཉིས་ཀྱི་དབར་འཕགས་བོད་ས་མཚམས་སུ་དྲག་པོའི་གདོང་ཐུག་གི་དཀའ་རྙོག་བྱུང་བ་དེ་ལ་དམིགས་ཏེ་དམག་གི་ག་སྒྲིག་ཡིན་པའི་བརྡ་ལན་སྤྱོད་ཆེད་ད་རེས་དགུན་དུས་གྲང་ངར་ཆེ་བའི་སྐབས་འདིར་དམིགས་བསལ་སྦྱོང་བསྡར་སྤྲད་པ་ཞིག་ཡིན་པ་གསུང་གནང་གི་འདུག
ཡང་ཁོང་གིས་ཉིན་བདུན་གྱི་རིང་གི་དམག་སྦྱོང་དེ་གངས་རི་དང་། ཆུ་གྲང་མོ་སོགས་ཆ་རྒྱུས་མེད་པའི་ས་ཁོངས་སུ་དམིགས་བསལ་དམག་འཐབ་རུ་མི་ཚོས་ཁུར་པོ་ཀི་ལོ་༢༠ཡན་འཁུར་བ་དང་། ཉིན་ལྟར་ཉུང་མཐར་ཡང་ཆུ་ཚོད་༡༤་སྦྱོང་བརྡར་བྱེད་བཞིན་ཡོད་ཅིང་། སྔ་རྗེས་སུ་རི་ཁུལ་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་འཐབ་དང་། གྲོང་ཁྱེར་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་འཐབ། མཐའ་མཚམས་བཀག་སྡོམ་དང་ཚོད་འཛིན་བྱེད་པའི་དམག་འཐབ། དམིགས་བསལ་གྱི་འཇབ་རྒོལ་དམག་འཐབ་སོགས་དམག་དོན་སྦྱོང་བརྡར་ལན་མང་བྱེད་པ་སོགས་དམག་སྦྱོང་གི་རྣམ་གྲངས་ལ་ལྟས་པ་ཡིན་ན་རྒྱ་གར་ལ་དམིགས་པ་ཞིག་ཡིན་པར་སོང་རྒྱ་གར་གྱི་ངོས་ནས་བློ་ཚབས་དང་གྲ་སྒྲིག་བྱེད་དགོས་པ་ཞིག་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གནད་དོན་འདིའི་ཐད་ལ་རྒྱ་དཀར་གྱི་དམག་དཔོན་ཟུར་པ་དང་རྒྱལ་སྲུང་མཁས་ལས་པ་སྐུ་ཞབས་ཝི་ནཡག་བྷཊ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བར་གཞིགས་ན། རྒྱུ་སྐར་པར་རིགས་ཐོག་ནས་བལྟས་པ་ཡིན་ན་རྒྱ་ནག་དམག་མིས་རྒྱ་གར་བྱང་ཕྱོགས་ལ་དྭགས་དཔལ་མགོན་མཚོའི་ལྷོ་ཕྱོགས་སུ་དམག་སྦྱོང་བྱེད་པ་ཞིག་མཐོང་རྒྱུ་འདུག་པས་དེ་ནི་གནས་ཚུལ་གསར་པ་གང་ཡང་མིན་པར་སེམས་ཁམས་ཀྱི་དམག་ཐབས་ཤིག་ལ་ངོས་འཛིན་བྱ་ཆོག་ཅིང་། གཞན་ཡང་འདི་ནི་རྒྱ་གར་ལ་དཔུང་ངོམས་དང་དེ་བཞིན་རྒྱ་ནག་མི་མང་ལ་བཏོན་ཡག་ཞིག་རེད་མ་གཏོགས་གཞན་གལ་འགངས་ཆེན་པོ་བརྩིས་དགོས་པའི་གནད་དོན་གང་ཡང་མ་རེད། རྒྱ་གར་གྱི་ངོས་ནས་སྟོབས་ཤུགས་དེ་སྔ་༡༩༦༧ ལོར་སྣ་ཐོས་ལ་དང་ཅོ་ལ་(Chola) ཡང་༡༩༨༧ ལོར་གསུམ་མདོ་རོང་ཆུ་(sumdorong Chu )སོགས་ཀྱི་དམག་འཁྲུག་སྐབས་སྟོན་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་ཁོང་གིས་རྒྱ་གར་ས་མཚམས་སུ་ཡོད་པའི་དམག་མིར་ཚོར་དགུན་ཁའི་གྱོན་ཆས་དང་ཟ་བཅའི་རིགས་སོགས་དགོས་མཁོའི་ཆ་རྐྱེན་ཚང་མ་འཛོམས་ཡོད། རྒྱ་ནག་གི་ངོས་ནས་པར་རིས་ཀྱི་ལམ་ནས་དྲིལ་བསྒྲགས་ཤིག་རེད། རྒྱ་གར་དམག་མི་ཚོར་ད་ལྟའི་ཆར་ཞན་ཆ་གང་ཡང་མེད། གནད་དོན་འདིའི་ཐད་ལ་སེམས་ཚབས་བྱེད་དགོས་པ་གང་ཡང་ཡོད་པ་མ་རེད་རྒྱ་གར་དམག་མི་ཚོས་གདོང་ལེན་གྱི་གྲ་སྒྲིག་ཆ་ཚང་ཡོད་རེད་ཅེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།།