༧གོང་ས་མཆོག་ལ་ཆེས་མཐོའི་མི་སེར་གྱི་ཕྱག་འཁྱེར་འབུལ་འདུག


2016.10.20
༧གོང་ས་མཆོག་གིས་ཅེཀ་Prague་ནང་མི་མང་ལ་བཀའ་སློབ་གནང་སྐབས། ༢༠༡༦།༡༠།༡༩ ༧གོང་ས་མཆོག་གིས་ཅེཀ་Prague་ནང་མི་མང་ལ་བཀའ་སློབ་གནང་སྐབས། ༢༠༡༦།༡༠།༡༩
Olivier Adam

ཨི་ཊཱ་ལིའི་མི་ལཱན་གྲོང་ཁྱེར་གྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་གྱི་ཆེས་མཐོའི་མི་སེར་གྱི་ཕྱག་འཁྱེར་ཕུལ་སྟེ་ཆེད་བསྟོད་ཞུས་ཡོད་པ་དང་། ཨི་ཊཱ་ལིའི་རྒྱ་ནག་གཞུང་ཚབ་ཁང་གིས་དེར་ངོ་རྒོལ་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་འདུག
རྒྱ་ནག་གཞུང་ཚབ་ཁང་གིས་སྤེལ་བའི་བསྒྲགས་གཏམ་དེའི་ནང་། དེས་རྒྱ་ནག་མི་དམངས་ཀྱི་ཚོར་བར་རྨ་ཁ་ཆེན་པོ་ཞིག་བཟོས་པ་ཞིག་རེད་ཅེས་དང་། ཨི་ཊཱ་ལི་དང་རྒྱ་ནག་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་དང་ཕན་ཚུན་མཉམ་འབྲེལ་གྱི་ལས་དོན་ལ་ཤུགས་རྐྱེན་ངན་པ་ཡོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་དེ་རིང་ཕྱི་ཟླ་༡༠་ཚེས་༢༠་ཉིན་ཨི་ཊཱ་ལིའི་གྲོང་ཁྱེར་མི་ལཱན་དུ་ཞབས་སོར་འཁོད་གནང་མཛད་པ་དང་། མི་ལཱན་གྱི་གནམ་ཐང་དུ་ཕེབས་འབྱོར་སྐབས་མི་ལཱན་གྱི་གྲོང་ཁྱེར་སྤྱི་ཁྱབ་པ་འཇུ་སེཔ་པེ་ས་ལ་(Giuseppe Sala)་མཆོག་ཕེབས་བསུའི་འཚམས་འདྲི་ཞུས་ཐོག་མཇལ་འཕྲད་གྲོས་མོལ་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མི་ལཱན་གྲོང་ཁྱེར་གྱི་ཆེས་མཐོའི་མི་སེར་གྱི་ཕྱག་ཁྱེར་དེ་མི་ལཱན་སྦི་ཀོ་ཀ་(Milan-Bicocca)་མཐོ་རིམ་སློབ་གྲྭའི་ནང་གྲོང་ཁྱེར་སྤྱི་ཁྱབ་པའི་ཕྱག་ནས་འབུལ་བཞེས་གནང་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཚེས་༢༠་སྔ་དྲོ་གནམ་ཐང་ནས་ཐད་ཀར་མི་ལཱན་གྲོང་ཁྱེར་ཡེ་ཤུའི་བླ་ཆེན་ཨན་ཇེ་ལོ་སོཀོ་ལའི་གཟིམ་ཁང་དུ་ཆིབས་བསྒྱུར་གྱིས་བླ་ཆེན་ཁོང་དང་མཇལ་འཕྲད་གནང་ཞིང་། དེ་རྗེས་ད་རེས་ཨི་ཊཱ་ལིར་ཆིབས་བསྒྱུར་གདན་ཞུ་ཕུལ་མཁན་༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་འཁྲུམ་ཐོག་རིན་པོ་ཆེས་བཙུགས་གནང་པའི་དགེ་འཕེལ་གླིང་ནང་ཆོས་རིག་གཞུང་ལྟེ་གནས་ཁང་ཆིབས་བསྒྱུར་བསྐྱངས་ཤིང་། ཆེད་འབོད་ལྟེ་གནས་ཁང་དེའི་ཚོགས་མི་དང་དམིགས་བསལ་སྐུ་མགྲོན་ཚོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མུ་འཐུད་ནང་ཆོས་ལ་སློབ་གཉེར་བྱ་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད། ཉིན་གུང་ལྗགས་སྨིན་དེ་ཕྱོགས་སུ་གནང་པ་དང་། ལྗགས་སྨིན་གྲུབ་རྗེས་མི་ལཱན་སྦོ་ཀ་ཀོ་མཐོ་རིམ་སློབ་གྲྭར་ཆིབས་བསྒྱུར་གྱིས་མང་ཚོགས་ལ་བླང་དོར་གྱི་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད།
ཕྱི་ཚེས་༢༡་དང་༢༢་སོ་སོར་རྟེན་འབྲེལ་བསྟོད་པའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་དང་སྤྱན་རས་གཟིགས་ཀྱི་དབང་ཆེན་བསྩལ་གནང་མཛད་རྒྱུ་ཡིན་ལ། ཕྱི་ཚེས་༢༢་ཉིན་གྱི་ཕྱི་དྲོ་མང་ཚོགས་ལ་བདེ་སྐྱིད་ཀྱི་འབྱུང་ཁུངས་ངོ་མ་ཅེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎