༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག ཕྱི་ཟླ་དགུ་པའི་ཚེས་བརྒྱད་ཉིན་ཁེ་ན་དྲ་ནས་མེཀ་སི་ཀོའི་ནང་ཞབས་སོར་འཁོད་གནང་མཛད་པ་དང་། ཁ་ས་རེས་གཟའ་པ་སངས་ཉིན་ཡུལ་དེའི་སྲིད་འཛིན་ཕི་ལིཔ་ ཀེལ་དྲེ་རོན་མཆོག་ནས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་མཇལ་འཕྲད་གནང་ཡོད་འདུག
དེ་ཡང་སྲིད་འཛིན་ལས་ཁུངས་ནས་སྤྱི་བསྒྲགས་སྤེལ་བའི་ནང་གསལ་ལྟར་ན། མཇལ་འཕྲད་སྐབས་སྤྱི་ཚོགས་ནང་། བཟང་སྤྱོད་གོང་འཕེལ་གཏོང་ཐབས་ཀྱི་གནད་དོན་ཐོག་བཀའ་མོལ་གནང་ཡོད་ལུགས་གསུངས་པ་དང་། ཆབས་ཅིག་མེཀ་སི་ཀོའི་ངོས་ནས་རྒྱ་ནག་གཅིག་ཅེས་པའི་ལངས་ཕྱོགས་ནན་བརྗོད་གནང་ཡོད་འདུག
ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། སྲིད་འཛིན་མཆོག་དང་ལྷན་དུ་གྲོགས་པོའི་འདུ་ཤེས་ཀྱི་ཐོག་ནས་མཇལ་འཕྲད་ལྷུག་པོ་བྱུང་སོང་ལ་ཁོང་གིས་བོད་ནང་གི་གནས་སྟངས་སྐོར་བཀའ་འདྲི་གནང་ཡོད་ལུགས་བཀའ་གནང་འདུག
རྩ་བའི་ད་རེས་ཆིབས་བསྒྱུར་གྱི་མཛད་འཆར་ཁོངས་སུ་སྲིད་འཛིན་མཇལ་འཕྲད་གནང་རྒྱུའི་འཆར་གཞི་མེད་པ་དང་། དེ་བཞིན་སྲིད་འཛིན་གྱི་ཉིན་དེའི་མཛད་འཆར་ཕྱི་བསྒྲགས་བྱས་པའི་ནང་དུའང་༧གོང་ས་མཆོག་མཇལ་འཕྲད་གནང་རྒྱུའི་སྐོར་གང་ཡང་གསུངས་མེད་པ་རེད།
སྤྱིར་བཏང་རྒྱ་ནག་གཞུང་ནས་རྒྱུན་གཏན་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱིའི་ཡུལ་གྲུ་ཁག་ལ་ཆིབས་བསྒྱུར་གནང་བའི་སྐབས་ཐོག་མཐའ་བར་གསུམ་དུ་དགག་ཆ་དང་། ཡང་ན་རྒྱལ་ཁབ་དེར་གནོན་ཤུགས་སྤྲད་ཀྱི་ཡོད་པ་ལྟར། ཁ་ས་དབུ་འཁྲིད་རྣམ་གཉིས་མཇལ་འཕྲད་གྲུབ་གནང་བའི་རྗེས་སུ། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མ་ ཀྲའོ་ཤུས། མེཀ་སི་ཀོའི་སྲིད་འཛིན་ནས་མཇལ་འཕྲད་གནང་བ་དེ་ནི། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པའི་བྱ་སྤྱོད་ཤིག་རེད། དེས་རྒྱ་ནག་མི་མང་གི་སེམས་ཚོར་ལ་དོ་ཕོག་བཏང་བ་ཞིག་དང་། ཡུལ་གཉིས་ཀྱི་འབྲེལ་ལམ་གནོད་སྐྱོན་གཏོང་གཞི་ཞིག་ཀྱང་རེད་ཅེས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་འདུག།