ཇར་མ་ནིའི་དབུ་ཁྲིད་ལྕམ་མལ་ཁེལ་གྱི་འཚམས་གཟིགས།

ཇར་མ་ནིའི་དབུ་ཁྲིད་ལྦིཏ་ནམ་དང་སོག་ཡུལ་གཉིས་ནང་ཉིན་གྲངས་བཞིའི་རིང་ཟུང་འབྲེལ་གཟིགས་སྐོར་ཆེད་དེ་རིང་ཕེབས་ཐོན་གནང་བ།

༄༅༎ཇར་མ་ནིའི་དབུ་ཁྲིད་ལྕམ་ཨེན་གེ་ལ་མར་ཀལ་མཆོག་གིས་ཡུ་རོཔ་སྤྱིའི་དངུལ་ཡུ་རོའོ་སྐོར་ཕ་རེན་སི་སྲིད་འཛིན་སའར་ཀོ་ཛི་མཆོག་དང་ལྷན་དུ་བཀའ་གྲོས་གནང་ཟིན་རྗེས། ལྦིཏ་ནམ་དང་སོག་ཡུལ་གཉིས་ནང་ཉིན་གྲངས་བཞིའི་རིང་ཟུང་འབྲེལ་གཟིགས་སྐོར་ཆེད་དེ་རིང་ཕེབས་ཐོན་གནང་གི་ཡོད་པ་རེད།
ལྕམ་མར་ཀེལ་མཆོག་དང་ལྷན་དུ་ཇར་མན་ཡུལ་གྱི་ཚོང་འབྲེལ་དཔོན་རིགས་ཆེ་ཁག་མང་པོ་ཞིག་ཕེབས་ཀྱི་ཡོད་པ་ཚོས་ ཡར་རྒྱས་མྱུར་པོ་འགྲོ་བཞིན་པའི་ཨེ་ཤི་ཡའི་རྒྱལ་ཁབ་ལྦེཏ་ནམ་དང་སོག་ཡུལ་གཉིས་ནང་ཚོང་འབྲེལ་དང༌། རིན་ཐང་ཆེ་བའི་མ་བཅོས་རྒྱུ་རྫས་ཉོ་སྒྲུབ་སོགས་ཁུལ་དེའི་ནང་ཚོང་ལས་མ་རྩ་འཛུགས་རྒྱུའི་གོ་སྐབས་གསར་འཚོལ་གནང་རྒྱུའི་དམིགས་ཡུལ་འདུག། ད་རེས་གཟའ་མཇུག་། ཇར་མ་ནིའི་དབུ་ཁྲིད་ལྕམ་མར་ཀེལ་མཆོག་གིས་ཉེ་བའི་ལོ་ཤས་ནང་ལྦེཏ་ནམ་ནང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་དེ་ཧ་ཅང་མྱུར་པོ་བྱུང་ཡོད་པར་བརྟེན། སྟོབས་ཤུགས་མངའ་ཐང་རྒྱས་པའི་རྒྱ་ནག་གི་དཔལ་འབྱོར་དང་འགྲན་བསྡུར་བྱེད་ཐུབ་པའི་ནུས་པ་ཐོན་བཞིན་ཡོད་སྐོར་གསུངས་ཡོད་པ་རེད། ཇར་མ་ནིའི་མཐོ་རིམ་གཞུང་འབྲེལ་དཔོན་རིགས་ཅིག་གིས་གསུངས་ན། ལྕམ་མར་ཀེལ་མཆོག་གིས་ཡུ་རོཔ་སྤྱི་མཐུན་ལྷན་ཚོགས་དང༌། ལྦིཏ་ནམ་གཉིས་དབར་ཚོང་དོན་ཁྲལ་ཆགས་ཀྱི་མཐུན་གྲོས་འཇོག་ཐབས་གནང་རྒྱུ་ཡིན་པ་དང༌། ཇར་མ་ནི་ངོས་ནས་ཚོང་འབྲེལ་དེའི་རིགས་ཀྱི་མཐུན་གྲོས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད་སྐོར་འགྲེལ་བརྗོད་གནང་བཞག།
ལྕམ་མར་ཀེལ་མཆོག་གིས་ ཚོང་འབྲེལ་གྱི་བཀའ་མོལ་གནང་སྐབས་ ལྦེཏ་ནམ་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྣང་ཆུང་མ་གནང་བར། དཔལ་འབྱོར་མཉམ་འབྲེལ་གྱི་ལས་དོན་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱ་རྒྱུ་གཉིས་ཟུང་ཏུ་འབྲེལ་ནས་བཀའ་མོལ་གནང་རྒྱུའི་ཁས་ལེན་གནང་འདུག། ལྦེཏ་ནམ་ནང་གི་གཟིགས་སྐོར་གྲུབ་རྗེས་ལྕམ་ མར་ཀེལ་མཆོག སོག་ཡུལ་དུ་ཕེབས་རྒྱུ་ཡིན་པ་དང༌། དེ་ནི་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་གཞུང་ཚབ་ཀྱི་འབྲེལ་ལམ་གསར་འཛུགས་གནང་བའི་རྗེས་ ཇར་མ་ནིའི་དབུ་ཁྲིད་སོག་ཡུལ་དུ་ཕེབས་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་ཅིང༌། ཇར་མ་ནིས་ སོག་ཡུལ་ནས་མ་གནས་ཌོ་ལར་ཐེར་འབུམ་གཉིས་ཙམ་གྱི་ཆེས་དཀོན་པའི་མ་བཅོས་རྒྱུ་རྫས་ཉོ་སྒྲུབ་གནང་རྒྱུའི་མཐུན་གྲོས་ཐོག་ལྕམ་མར་ཀེལ་མཆོག་གིས་མཚན་རྟགས་བཀོད་གནང་རྒྱུ་ཡིན་པ་རེད།