ཨ་རིའི་དམག་ཞབས་ཟུར་པར་དྲན་རྟེན་ཞུས་པ།
ཨ་རིའི་དམག་ཞབས་ཟུར་པ་རྣམས་ལ་རྗེས་དྲན་ཞུ་བའི་ཉིན་མོར་ཨཕ་ག་ནིསྟན་ནང་མུ་མཐུད་འཐབ་བཞིན་པ།
-
2011-05-30 -
-
-
༄༅༎དམག་ཞབས་ཟུར་པའི་དྲན་རྟེན་ཉིན་མོ་Memorial Day ཞེས་པ་དེ་རིང་ཨ་རིའི་ནང་སྲུང་བརྩི་ཞུ་གི་ཡོད་པའི་དུས་ཚོད་དང་བསྟུན་ནས། ཨཕ་ག་ནིསྟན་དམག་འཐབ་བྱེད་བཞིན་པའི་ཨ་རིའི་དཔུང་དམག་གིས་ཉིན་ཅིག་རིང་དམག་འཁྲུག་མཚམས་འཇོག་བྱས་ནས་དམག་ནང་ཚེ་སྲོག་ཤོར་བའི་དམག་མི་ཚོར་དྲན་བརྟེན་བྱས་འདུག།
༢༠༠༡ལོའི་དགུ་པའི་༡༡གི་དོན་རྐྱེན་བྱུང་བ་ནས་བཟུང་ད་བར་ཨཕ་ག་ནིསྟན་གྱི་དམག་འཁྲུག་ནང་ཨ་རིའི་དམག་མི་༡༤༠༠ལྷག་གི་ཚེ་སྲོག་ཤོར་ཡོད་པ་ལྟར། དེ་རིང་ཐོ་རང་དམག་མི་ཚོས་རྒྱལ་དར་གྲེངས་བ་དང་གསོལ་འདེབས་ཚུགས་ནས་འདས་པོ་ཚོར་དྲན་གསོ་ཞུས་ཡོད་པ་རེད། ཨཕ་ག་ནིསྟན་ལྷོ་ཕྱོགས་Helmand ཞིང་ཆེན་ནང་སྐམ་མཚོ་གཉིས་དཔྱོད་དཔུང་སྡེའི་དམག་སྤྱི་Brig.Gen. Lewis A.Craparotta ཡིས་ང་ཚོའི་སྔོན་ལ་དམག་འཐབ་ནང་ཚེ་སྲོག་ཤོར་བ་ཚོར་དྲན་བརྟེན་ཞུ་གི་ཡོད་ལ། ཁོང་ཚོས་རྒྱལ་ཁབ་དོན་རང་སྲོག་བློས་བཏང་བྱས་པའི་བྱས་རྗེས་ལ་རྗེས་སུ་ཡིད་རངས་ཞུ་ཡི་ཡོད་ཅེས་དང༌། ད་ལྟའི་དམག་ཞབས་ལས་ཐོག་པ་ཚོས་ཀྱང་རང་ཉིད་ལས་རྒྱལ་ཁབ་གལ་ཆེ་བར་རྩིས་སྟེ་དམག་སར་དཔའ་ངར་དང་སེམས་ཤུགས་ཆེན་པོའི་སྒོ་ནས་སྲི་ཞུ་འགྲུབ་བཞིན་པ་ཚོ་ལའང་བསྔགས་བརྗོད་དྲན་གསོ་ངེས་པར་བྱ་དགོས་ཀྱི་རེད་ཅེས་འགྲེལ་བརྗོད་གནང་བཞག།
དེ་བཞིན་ ཨི་རཀ་ནང་དུ་ཨ་རིའི་དཔུང་དམག་ཞི་ཁྲི་དྲུག་སྟོང་ཙམ་རྟེན་གཞི་བྱེད་བཞིན་ཡོད་པ་དང༌། གཞུང་འབྲེལ་དཔོན་རིགས་ཚོས་བརྗོད་ན་ ཨི་རཀ་གི་དམག་འཁྲུག་ནང་ཨ་རིའི་དཔུང་དམག་༤༤༠༠ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད། ཨ་རི་གཞུང་དང་ཨི་རཀ་གཞུང་གཉིས་དབར་མཐུན་གྲོས་བཞག་པའི་འོག་ལོ་འདིའི་ཕྱི་ཟླ་༡༢པའི་ཚེས་༣༡ནང་ཚུད་ཨ་རིའི་དཔུང་དམག་ཡོངས་རྫོགས་ཁུལ་དེ་ནས་ཕྱིར་འཐེན་ཟིན་པ་དགོས་རྒྱུའི་འབྲུ་དོན་བཀོད་ཡོད་པ་རེད།