བྱེས་སུ་ཡོད་པའི་རྒྱ་ནག་གི་ཚོགས་སྡེའི་སྐུ་ཚབ་ཁག་ཅིག་ཨའོས་ཊརེ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་འཚམས་འདྲི་ཞུ་བར་བཅར་བ།
ཨའོས་ཊརེ་ལི་ཡའི་གྲོང་ཁྱེར་Melbourne ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་མཐུན་ཚོགས་ཁག་ཅིག་གི་སྐུ་ཚབ་ཀྱིས། ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་Canberra གྲོང་ཁྱེར་ནང་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་འཚམས་འདྲི་ཞུ་བར་བཅར་ཡོད་ཅིང་། ཁོང་རྣམ་པས་བོད་ཀྱི་གནད་དོན་ཐོག་ལ་མཐུན་འགྱུར་གནང་ཕྱོགས་ཐད་ལ་བཀའ་འདྲི་གནང་ཡོད་པ་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། དེ་ཡང་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་ཀྱིས་གསུངས་ཡག་ལ། ཁོང་རྣམས་ད་རེས་སྐུ་ཚབ་དོན་ཁང་དུ་བཅར་བ་དེ་གཙོ་བོ་དོན་གཅོད་གསར་པར་འཚམས་འདྲི་གནང་རྒྱུ་དེ་ཡིན་པ་དང་། མ་འོངས་ཁོང་རྣམ་པས་བོད་དོན་དང་འབྲེལ་བའི་ཐད་མཐུན་འགྱུར་དང་རྒྱབ་སྐྱོར་གང་དགོས་གསུངས་རོགས། ང་ཚོའི་ངོས་ནས་གང་ཐུབ་རྒྱབ་སྐྱོར་གནང་གི་ཡིན་ཞེས་གསུངས་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་།
ཕྱི་ཟླ་༡༢ཚེས་༢༣ སྔ་དྲོ་གྲོང་ཁྱེར་Melbourne ནང་ཡོད་པའི་རྒྱ་བོད་མཐུན་ཚོགས་དང་། རྒྱ་ནག་གི་མང་གཙོའི་ལས་འགུལ་བ། རྒྱ་ནག་གྱི་མང་གཙོའི་མི་རབས་གསར་པ་བཅས་ཀྱི་སྐུ་ཚབ་དགུ་དང་ལྷན་རྒྱ་ནག་གི་དམར་པོའི་དབང་བསྒྱུར་འོག་ཏུ་གོད་ཆག་འཕོག་མཁན་གྱི་མཐུན་ཚོགས་ཀྱི་ཚོགས་གཙོ་Feng Chong Yi བཅས་ཀྱིས། ཨའོས་ཊརེ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་འཚམས་འདྲི་ཞུ་བར་བཅར་བའི་འདུ་འཛོམས་ཐོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་ཀྱིས། བོད་ཀྱི་དོན་གཅོད་ཁང་གི་ཕྱག་ལས་གནང་ཕྱོགས་དང་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས། བོད་ཀྱི་ལོ་རྒྱུས། བོད་ཀྱི་ཆོས་དང་རིག་གཞུང་། མཐོ་སྒང་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་ངོ་སྤྲོད་སྙིང་བསྡུས་ཞིག་གནང་བ་དང་ཆབས་ཅིག་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དེ་ཉིད་ ༡༩༩༢ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཨའོས་ཊརེ་ལི་ཡའི་ སྲིད་བློན་ Paul Keating རྣམ་གཉིས་མཇལ་འཕྲད་གནང་བའི་རྗེས་ ༡༩༩༣ ལོར་བཙུགས་གནང་བ་ཞིག་ཡིན་པ་ངོ་སྤྲོད་གནང་འདུག
ད་དུང་ཁོང་གིས། བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དེ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཡིན་པར་བརྟེན། སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་འཁྲི་གཙོ་བོ་ནི། རྒྱ་མི་རིགས་དང་བོད་མི་རིགས་དབར་གྱི་འབྲེལ་བའི་ནུས་པ་གོང་འཕེལ་གཏོང་རྒྱུ་དང་། རྒྱ་ནག་མི་རིགས་ཁྲོད་བོད་ཀྱི་གནད་དོན་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཇི་བཞིན་གོ་རྟོགས་སྤེལ་རྒྱུ་སོགས་ཡིན་པ་གསུངས་པ་དང་སྦྲགས་བོད་ཀྱི་རྩ་དོན་ཐོག་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་གསུངས་ཡོད་པ་རེད།
ཉིན་གཅིག་གི་སྔོན་ལ་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་བོད་རྒྱ་མི་རིགས་མཐུན་ཚོགས་ཀྱིས་གཟེངས་རྟགས་ཐེངས་༡༡ པ་ཕུལ་བའི་མཛད་སྒོར་ཕེབས་ཡོད་པ་དང་། དེ་སྔོན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པའི་ཕྱག་ལས་གནང་མྱོང་མཁན་ཟླ་སྒྲོན་ལགས་སུ་གཟེངས་རྟགས་ཕུལ་ཡོད་པ་རེད།།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།