གསོ་རིག་སློབ་གྲྭའི་སློབ་མས་ངོ་རྒོལ་སྤེལ་འདུག
2012.11.26
༄༅༎དེ་རིང་ཞོགས་པ་བོད་མདོ་སྨད་མཚོ་ལྷོ་ཁུལ་ གསོ་བ་རིག་པའི་སློབ་གྲའི་སློབ་ཕྲུག་ཚོས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཞི་བའི་ཡར་ལངས་ངོ་རྒོལ་བྱས་འདུག དེ་ཡང་བོད་མི་མང་སྤྱི་འཐུས་སྨོག་རུ་བསྟན་པ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། དེ་རིང་ཞོགས་པ་ཆུ་ཚོད་ ༦ ཙམ་གྱི་སྟེང་བོད་མདོ་སྨད་ཆབ་ཆ་རུ། མཚོ་ལྷོ་ཁུལ་གསོ་རིག་སློབ་གྲྭའི་སློབ་མ་ཆིག་སྟོང་ལྷག་གིས། མི་རིགས་འདྲ་མཉམ། མི་རིགས་རང་དབང་། སྲིད་གཞུང་བསྐྱར་འཛུགས་ཀྱི་འབོད་ཚིག་བསྒྲགས་ཏེ། དུས་ཡུན་ཆུ་ཚོད་ ༢ ཙམ་རིང་མཚོ་ལྷོ་ཁུལ་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་ཆབ་ཆའི་ཁྲོམ་གཞུང་དུ་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱས་བཞག
སློབ་ཕྲུག་ཚོས་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱེད་སྐབས་ས་གནས་རྒྱ་གཞུང་གིས་དམག་མི་དང་དྲག་ཆས་ཉེན་རྟོག་པ་འབོར་ཆེན་བཏང་སྟེ། སློབ་ཕྲུག་ཚོར་གང་བྱུང་ཉེས་རྡུང་དྲག་པོ་བཏང་སྟེ་དྲག་གནོན་བྱས་ཡོད་པ་དང་། སློབ་ཕྲུག་ ༡༥༨རྨས་སྐྱོན་ཆེན་པོ་ཕོག་སྟེ་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་པ་མ་ཟད། དེ་དག་ཁྲོད་སློབ་ཕྲུག་ ༤ ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ད་ལྟའི་ཆར་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག
སློབ་ཕྲུག་ཚོའི་ཞི་བའི་ངོ་རྒོལ་ཁྲོམ་སྐོར་ལ་རྒྱ་གཞུང་གིས་བཀག་སྡོམ་དྲག་གནོན་བྱེད་སྐབས། རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་དང་དམག་མིས་མེ་མདའ་མང་པོ་བརྒྱབ་ཡོད་འདུག ཡིན་ནའང་། སློབ་ཕྲུག་ཚོར་འཇིགས་སྐུལ་ཆེད་མེ་མདའ་གནམ་ལ་བརྒྱབ་པའམ་ཡང་ན་སློབ་ཕྲུག་ཚོའི་ཁྲོད་བརྒྱབ་ཡོད་མེད་གང་ཡིན་གསལ་བོ་ཤེས་རྟོགས་བྱུང་མི་འདུག
ད་ལྟའི་ཆར་སློབ་ཕྲུག་ཡོངས་རྫོགས་སློབ་གྲྭའི་ནང་བཙན་འཇུག་བྱས་ཏེ། སློབ་གྲྭའི་མཐའ་འཁོར་ཡོངས་རྫོགས་དམག་མིས་སྐོར་ཡོད་པ་དང་། སློབ་མ་ཚོའི་ནང་མི་གཉེན་ཉེ་སུ་གང་ཡང་སློབ་གྲྭའི་ནང་སློབ་མར་ཐུག་འཕྲད་དུ་གཏོང་གི་མེད་པར་བཀག་སྡོམ་ནན་མོ་བྱས་ཡོད་པ་མ་ཟད། ཆབ་ཆ་ཁུལ་དུ་ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་ཁག་ལའང་བཀག་སྡོམ་བྱས་ཏེ། སློབ་ཕྲུག་ཚོའི་ཕ་མ་དང་ནང་མི་དག་གིས་སོ་སོའི་བུ་ཕྲུག་ལ་འབྲེལ་བ་བྱ་ཐུབ་རྒྱུ་ཁག་པོ་ཆགས་ཡོད་འདུག མཚོ་ལྷོ་ཁུལ་གསོ་རིག་སློབ་གྲྭའི་ནང་ཁུལ་དེའི་ཁོངས་གཏོགས་རྫོང་ཁག་ལྔ་གཙོས་པའི་ས་ཁུལ་གཞན་པའི་སློབ་མ་རྣམས་ཀྱང་འདུས་སྡོད་བྱས་ཡོད་འདུག།