ཨ་རིའི་གསར་འགོད་སྲུང་སྐྱོབ་ཚོགས་པའི་སྙན་ཐོ་ལྟར་ན་རྒྱ་ནག་སླར་ཡང་འཛམ་གླིང་ནང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་རྒྱལ་ཁབ་སྡུག་ཤོས་དེ་ཡིན་པ་གསལ་སྟོན་བྱས་འདུག
ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་(CPJ)ཞེས་པའི་གསར་འགོད་སྲུང་སྐྱོབ་ཚོགས་པས་འདི་ཚེས་༡༥རེས་གཟའ་མིག་དམར་ཉིན་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་། སྤྱི་ལོ་༢༠༢༠ལོའི་ནང་འཛམ་གླིང་གི་ནང་གསར་འགོད་པ་བཙོན་འཇུག་བྱས་བའི་གྲངས་འབོར་ནི། སྤྱི་ཟླ་༡༢བའི་ཚེས་༡བར་རྩིས་ན་དམའ་མཐར་ཡང་གསར་འགོད་པ་༢༧༤བཙོན་འཇུག་བྱས་ཡོད་པ་དེ་ནི་ན་ནིང་ལས་མང་བ་བྱུང་ཡོད་པ་དང་། དེའི་ཁྲོད་རྒྱ་ནག་གཞུང་གིས་གསར་འགོད་རང་དབང་ཐོག་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་ལྟར། རྒྱ་ནག་སླར་ཡང་འཛམ་གླིང་གི་གསར་འགོད་པ་འཛིན་བཟུང་བཀག་ཉར་དང་བཙོན་འཇུག་བྱས་པའི་རྒྱལ་ཁབ་སྡུག་ཤོས་དེ་ཆགས་ཡོད་འདུག
སྙན་ཐོའི་ནང་གསར་འགོད་པ་འཛིན་བཟུང་བྱས་པའི་གནས་ཚུལ་མང་ཤོས་བྱུང་ས་རྒྱ་ནག་དང་། ཊུར་ཀི། ཨི་ཇབ་ཌེ། སོ་ཏི་ཨ་རབ་བྷི་ཡ་སོགས་ཀྱི་ནང་བྱུང་ཡོད་པ་རེད་འདུག དེ་བཞིན་(Covid-19)ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་བའི་སྐབས། གསར་འགོད་པས་གནས་ཚུལ་བཀོད་སྤེལ་ཐད་དམ་དྲག་འཛིན་བཟུང་བྱས་པ་དང་། གསར་འགོད་པ་གཉིས་ནད་ཡམས་དེའི་འབྲེལ་ཡོད་གནས་ཚུལ་ཐོག་ནས་འཛིན་བཟུང་དང་སྲོག་སྐྱོན་ཤོར་ཡོད་པའི་གནས་ཚུལ་བཀོད་འདུག
(CPJ)གསར་འགོད་སྲུང་སྐྱོབ་ཚོགས་པ་དེས་དེ་སྔོན་སྤྱི་ལོ་༡༩༩༠ནས་བཟུང་རྒྱལ་སྤྱིའི་ནང་གསར་འགོད་པ་དོ་དམ་འཛིན་བཟུང་སྐོར་གྱི་གནས་ཚུལ་འཚོལ་བསྡུ་བྱེད་བཞིན་པ་རེད།
ད་དུང་སྙན་ཐོའི་ནང་། གསར་འགོད་པ་དེ་འདྲའི་མང་པོ་འཛིན་བཟུང་བྱས་པའི་གནས་སྟངས་ལ་གཞིགས་ན། རྒྱལ་སྤྱིའི་དབུ་ཁྲིད་ཚོས་སྣེ་ཁྲིད་ཀྱི་ནུས་པ་མི་འདང་བ་དང་མང་གཙོའི་རིན་ཐང་ལ་སྲུང་བརྩི་མེད་པ། ལྷག་དོན་དུ་ཨ་མི་རི་ཀའི་སྲིད་འཛིན་(Trump)ལགས་ཀྱིས་གསར་འགོད་པའི་ཐོག་སྡང་ཟུག་གནང་བ་དང་། རང་གི་ལུང་པའི་ནང་གཞུང་གིས་གསར་འགོད་པར་རྡུང་རྡེག་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པའི་སྐོར་དང་། དེ་བཞིན་རྒྱལ་སྤྱིའི་ནང་གསར་འགོད་གནས་ཚུལ་བདེན་པ་མིན་པ་སྤེལ་མཁན་སྤྱི་ལོ་༢༠༢༠ནང་གྲངས་༣༤བྱུང་ཡོད་འདུག
དེ་བཞིན་རྒྱལ་སྤྱིའི་ནང་(Belarus)དང་(Ethiopia)སོགས་ཀྱི་ནང་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་མཁན་མང་པོ་བྱུང་བའི་སྐབས་གསར་འགོད་པ་མང་པོ་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད་འདུག
རྒྱ་ནག་སླར་ཡང་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་རྒྱལ་ཁབ་སྡུག་ཤོས་རེད་ཟེར།
