ཡང་རྒྱ་ནག་འཛམ་གླིང་ཁྲོད་གསར་འགོད་རང་དབང་མེད་པ་སྡུག་ཤོས་ཀྱི་གྲས་སུ་ཚུད་འདུག
2020.04.21
གལ་སྲིད་རྒྱ་ནག་ནང་གསར་འགོད་རང་དབང་ཡོད་ཚེ་ད་ལྟ་འཛམ་གླིང་ནང་ཏོག་དབྱིབས་ནད་ཡམས་ཛ་དྲག་ངང་ཁྱབ་མི་སྲིད་པ་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་གསལ་གཏོན་བྱས་འདུག
རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་(Reporters Without Border)་ཀྱིས་ཕྱི་ལོ་ ༢༠༢༠ ་ལོའི་འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་མི་འདྲ་བ་ ༡༨༠ ནང་གི་གསར་འགོད་རང་དབང་གི་གནས་སྟངས་སྐོར་གྱི་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་སྔར་རྒྱུན་བཞིན་འཛམ་གླིང་ནང་གི་གསར་འགོད་རང་དབང་ཞན་ཤོས་དང་སྡུག་ཤོས་ཀྱི་རྒྱལ་ཁབ་གྲས་སུ་ངོས་འཛིན་བྱས་ཡོད་པ་མ་ཟད། རྒྱ་ནག་ནང་གསར་འགོད་རང་དབང་ཡོད་ཚེ་ད་ལྟ་འཛམ་གླིང་ནང་ཏོག་དབྱིབས་ནད་ཡམས་ཛ་དྲག་ངང་ཁྱབ་མེད་པ་དང་། ད་ལྟ་འཛམ་གླིང་ཡོངས་ལ་ཁྱབ་བཞིན་པའི་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་སྐོར་ལ་གསར་འགྱུར་འགོད་རྒྱུར་མུ་མཐུད་ནས་དམ་དྲག་བྱེད་བཞིན་པ་གསལ་སྟོན་བྱས་འདུག
ཧྥ་རན་སུའི་ནང་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་གསུངས་ན། ཧོང་ཀོང་ནང་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་ཁྲོད་གསར་འགོད་པར་ཁ་གཏད་ཀྱི་གནས་ཚུལ་མང་དག་ཞིག་བྱུང་ཡོད་པར་བརྟེན་ནས། ཕྱི་ལོ་༢༠༢༠་ལོའི་འཛམ་གླིང་གི་གསར་འགོད་རང་དབང་ཆེ་ཆུང་གི་བང་རིམ་ཐོ་གཞུང་བཏོན་ཡོད་པའི་ནང་། ཧོང་ཀོང་དེ་སྔོན་ནས་མར་ཆགས་ཏེ་བང་རིམ་༧༧་ཡིན་པ་དང་། ཕྱི་ལོ་༢༠༡༠་ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གནས་བབས་ནང་ཧོང་ཀོང་ཨང་༧༣་ཡིན་ཞིང་། རྒྱ་ནག་དེ་བཞིན་གསར་འགོད་རང་དབང་གི་གནས་སྟངས་སྡུག་ཤོས་ཀྱི་གྲས་བང་རིམ་༡༧༧་ལ་སླེབས་ཡོད་པ་རེད།
རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་ལོ་ལྟར་འཛམ་གླིང་གི་རྒྱལ་ཁབ་དང་མངའ་ཁུལ་༡༨༠་ཡི་ནང་གི་གསར་འགོད་རང་དབང་གི་གནས་སྟངས་སྐོར་སྙན་ཐོ་འདོན་སྤེལ་གནང་གི་ཡོད་ཅིང་། དེའི་ནང་གསར་འགོད་རང་དབང་ལྡན་ཡོད་མེད་དང་། གསར་འགོད་རང་དབང་ཁྲིམས་ཐོག་ནས་གཏན་འབེབས་དང་དེར་སྲུང་བརྩི་ཞུ་བཞིན་ཡོད་མེད། དེ་བཞིན་གསར་འགོད་པའི་བདེ་འཇགས་སོགས་ཀྱི་གནས་སྟངས་ལ་ལྟ་ཞིབ་ཀྱིས་སྙན་ཐོ་འདོན་སྤེལ་གནང་གི་ཡོད་ཅིང་། ད་ལོའི་སྙན་ཐོའི་ནང་། ཧོང་ཀོང་ནང་ན་ནིང་གི་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་ཁྲོད་གསར་འགོད་པ་ཚོ་ནི་ཉེན་རྟོག་པའི་དྲག་པོའི་རྡུང་རྡེག་གཏོང་ཡུལ་གྱི་གྲས་ཤིག་ཆགས་ཡོད་པ་དང་། དེར་བརྟེན་ད་ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཁོངས་སུ་ཧོང་ཀོང་གི་གནས་བབ་དེ་སྔོན་ནས་སྡུག་ཏུ་ཕྱིན་ཡོད་པ་བཀོད་ཡོད་པ་རེད།
ན་ནིང་ཧོང་ཀོང་ནང་ཟླ་བ་བཅུ་ལྷག་ཙམ་རིང་དོགས་ཡོད་ཉེས་ཅན་པ་རྩིས་སྤྲོད་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུར་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་དང་། བརྙན་འཕྲིན་དང་པར་སོགས་ཀྱི་ཐོག་ནས་སྐབས་དེ་དུས་ཉེན་རྟོག་པས་གསར་འགོད་པའི་ཐོག་མིག་ཆུ་ཤོར་བའི་དུག་རྫས་གཏོར་བ་སོགས་ཀྱི་གནས་སྟངས་ཚབས་ཆེ་བྱུང་ཡོད་པར་ཧོང་ཀོང་གསར་འགོད་པའི་མཐུན་ཚོགས་ཀྱིས་ཧོང་ཀོང་གི་ཉེན་རྟོག་པའི་བྱ་སྤྱོད་ལ་ངོ་རྒོལ་གྱི་ཡོངས་ཁྱབ་ཡི་གེ་ཐེངས་བཅུ་ཙམ་བཏང་ཡོད་པ་དང་། ཕྱོགས་མཚུངས་ཧོང་ཀོང་གི་དཔོན་རིགས་མཐོ་གྲས་ནས་ཧོང་ཀོང་རླུང་འཕྲིན་ལས་ཁང་གིས་ཆབ་སྲིད་ཀྱི་གནས་ཚུལ་བརྒྱུད་བསྒྲགས་བྱེད་ཀྱི་ཡོད་ལུགས་ཀྱི་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་མ་ཟད། འདི་ཚེས་༢༠་གཟའ་ཟླ་བའི་ཉིན་ཧོང་ཀོང་རླུང་འཕྲིན་ལས་ཁང་གིས་རྒྱལ་ཁབ་ཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་དང་རྒྱབ་འགལ་གྱི་གནས་ཚུལ་སྤེལ་ཡོད་པའི་དཔང་རྟགས་ཡོད་ལུགས་བཤད་ཡོད་པ་རེད།
ཧོང་ཀོང་རླུང་འཕྲིན་ཁང་གི་ལེ་ཚན་ཞིག་གི་ནང་། ན་ནིང་ཕྱི་ཟླ་བཅུ་གཅིག་པའི་ཚེས་༢༠་ཉིན་རླུང་འཕྲིན་ལས་རིམ་གྱི་སྐུ་མགྲོན་ཞིག་གིས་ཧོང་ཀོང་ཉེན་རྟོག་པས་ཧོང་ཀོང་(Polytechnic)་ཞེས་པའི་ཚན་རིག་ལག་རྩལ་སློབ་གྲ་ཆེན་མོའི་ཉེ་འགྲམ་དུ་བྱུང་བའི་ངོ་རྒོལ་གྱི་ལས་འགུལ་ལ་ཐག་གཅོད་བྱེད་སྟངས་ཐད་སྐྱོན་བརྗོད་བྱས་ཡོད་པ་སོགས་གནད་དོན་ཁག་གི་ཐོག་ནས་ཧོང་ཀོང་གཞུང་གིས་ཧོང་ཀོང་རླུང་འཕྲིན་ཁང་དེ་བཞིན་དེང་སྐབས་ཧོང་ཀོང་གཞུང་གིས་ཁ་གཏད་བྱེད་ཡུལ་ཞིག་ཏུ་འགྱུར་ཡོད་པ་རེད།