གསང་ཉུལ་བའི་དོཊ་གཞིའི་འོག་སྐྱེས་པ་ཞིག་འཇུ་བཟུང་བྱས་འདུག
2017.02.28
བོད་མི་སྐྱབས་བཅོལ་བའི་གནས་ཚུལ་གསང་ཉུལ་བྱས་པའི་དོགས་གཞིའི་འོག་སྐྱེས་པ་ཞིག་སུཝེ་གྲན་གསང་བའི་མི་སྣས་འཇུ་བཟུང་བྱས་འདུག
དེ་ཡང་སུཝེ་གྲན་གསང་བའི་ལས་ཁང་གི་དཔོན་རིགས་ནས། སྤྱིར་བཏང་སུཝེ་གྲན་ནང་ཡོད་པའི་སྐྱབས་བཅོལ་བའི་གནས་ཚུལ་གསང་ཉུལ་བྱེད་མཁན་གྱི་རྒྱལ་ཁབ་དེའི་རིགས་ནི་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་ལ་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་ཡུལ་གྲུ་ཡིན་པའི་སྐོར་གསུངས་པ་ལས་རྒྱལ་ཁབ་སུ་ཞིག་ཡིན་མིན་མིང་འདོན་བྱས་མེད་པ་རེད།
སུཝེ་གྲན་ཉེན་རྟོག་པས་འཇུ་བཟུང་བྱས་པའི་སྐྱེས་པ་དེས་ཡུལ་གྲུ་དེའི་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་ཚོའི་གནས་ཚུལ་འཚོལ་ཞིབ་ཇི་ལྟར་བྱེད་མིན་སོགས་གནས་ཚུལ་གསལ་པོ་ཤེས་རྟོགས་ཡོད་པ་མ་ཟད། འཚོལ་ཞིབ་བྱས་པའི་གནས་ཚུལ་ཕྱི་རྒྱལ་གྱི་སོ་པའི་ལས་ཁུངས་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་དོགས་གཞི་ཡོད་ལུགས་སུཝེ་གྲན་གསང་བའི་ཉེན་རྟོག་དཔོན་Sakerhetspolisen་གྱིས་གསུངས་འདུག
སུཝེ་གྲན་གསང་བའི་ལས་ཁང་གི་ཉེན་རྟོག་དཔོན་དེས་གསུངས་ན། སུཝེ་གྲན་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བའི་གནས་ཚུལ་འཚོལ་ཞིབ་བྱེད་མཁན་གྱི་སྐྱེས་པ་དེ་འཇུ་བཟུང་བཀག་ཉར་འོག་བཞག་ཡོད་པ་དང་། ཁོ་པའི་ཐོག་ནག་ཉེས་འགེལ་ཕྱོགས་ཀྱི་གནས་ཚུལ་ཉིན་ཤས་རྗེས་ཕྱིར་བསྒྲགས་གནང་རྒྱུ་ཡིན་པ་གསུངས་འདུག ཡིན་ནའི་སུཝེ་གྲན་གསང་བའི་ལས་ཁང་གི་དཔོན་རིགས་དེས་སྐྱེས་པ་དེའི་རྒྱལ་ཁོངས་དང་ཁོ་པས་མཁོ་སྒྲུབ་བྱས་པའི་གནས་ཚུལ་སྤྲོད་ཡུལ་རྒྱ་ནག་ཡིན་མིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་འགྲེལ་བརྗོད་གནང་མེད་པ་རེད།
སུཝེ་གྲན་རྒྱལ་ཡོངས་བདེ་འཇགས་ལས་ཁང་གི་དཔོན་རིགས་Mima Odermalm་གྱིས། གོང་ཞུས་སྐྱེས་པ་དེ་སུཝེ་གྲན་ནང་ལོ་ཁ་ཤས་གནས་སྡོད་བྱས་ཡོད་པ་དང་། ཕྱིའི་སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ཞིག་གི་ལས་འགན་ཞིག་ཡོད་པ་ང་ཚོས་ཤེས་རྟོགས་བྱུང་ཅེས་བརྗོད་འདུག
དེའི་སྐོར་འདི་ག་རླུང་འཕྲིན་ཁང་གིས། Sweden་བོད་རིགས་སྤྱི་མཐུན་ཚོགས་པར་འབྲེལ་བྱས་སྐབས། Sweden་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་གནས་ཚུལ་དེ་རྩད་གཅོད་མཐིལ་ཕྱིན་པ་བྱེད་དགོས་པ་Sweden་གཞུང་ལ་འབོད་སྐུལ་ཞུས་ཡོད་པ་ཚོགས་གཙོ་ཉི་མ་ལགས་ཀྱིས་གསུངས་འདུག
གསར་འགོད་པ་འཆི་མེད།