རྒྱ་གར་ཨ་སམ་མངའ་སྡེའི་ནང་གི་གྱེན་ལོག་པ་ཞིག་བཙོན་གྲོལ།
2010.12.30
༄༅༎རྒྱ་གར་གྱི་ཨ་སམ་མངའ་སྡེའི་ནང་གི་གྱེན་ལོག་ཤོག་ཁག་གི་འགོ་འཁྲིད་བཙོན་ཁང་ནང་ཡོད་པ་རཇ་ཁོ་ལྦ་དེ་རིང་བཙོན་འགྲོལ་བྱུང་ཡོད་འདུག
ལོ་ན་ལྔ་བཅུ་ང་བཞི་ཡིན་པའི་ཨར་སྦིན་ད་རཇ་ཁོ་ལྦ་ཞེས་པ་དེ་ནི་ཨ་སམ་བཅིངས་བཀྲོལ་མདུན་བསྐྱོད་ཚོགས་པ་ཞེས་པ་ཨ་སམ་རང་བཙན་ལོགས་སུ་དགོས་པའི་དགོས་འདུན་བཏོན་ནས་རྒྱ་གར་དབུས་གཞུང་ལ་ཁ་གཏད་བཅོག་མཁན་གྱི་ཚོགས་པ་དེའི་འགོ་འཁྲིད་ཡིན་པ་རེད། ཚོགས་པ་དེས་རྒྱ་གར་དབུས་གཞུང་ནས་འབར་མ་དང་རྒྱ་ནག་གཉིས་ཀྱི་ས་མཚམས་སུ་འཁེལ་བའི་མངའ་སྡེ་འདིའི་ནང་གི་རང་བྱུང་གཏེར་ཁ་རྣམས་བསྔོགས་འདོན་བྱས་ནས་བེད་སྤྱོད་བྱེད་པ་ལས་མངའ་སྡེའི་མང་ཚོགས་ཀྱི་དཀའ་ངལ་ལ་གཟིགས་རྟོགས་ཡག་པོ་བྱེད་ཀྱི་མེད་ལུགས་སྐྱོན་བརྗོད་ཀྱིས་ཕྱི་ལོ་༡༩༧༩ལོ་ནས་བཟུང་ལས་འགུལ་སྤེལ་ནས་སྐབས་རེ་དྲག་སྤྱོད་ཀྱི་ཐོག་ནས་ལས་དོན་སྤེལ་བའི་རིགས་ཀྱང་བྱུང་མྱོང་ཡོད་པ་རེད། གོང་ཞུས་འགོ་འཁྲིད་རཇ་ཁོ་ལྦ་ལོ་ཤས་གོང་སྦང་ཁུལ་ཉེལ་གཡོལ་དུ་འགྲོ་དགོས་བྱུང་ཡོད་ཀྱང་རྒྱ་གར་གཞུང་གི་འབོད་སྐུལ་འོག་སྦང་ལ་དེ་ཤེ་གཞུང་ནས་ཁོ་པ་ཕྱིར་ལོག་རྩིས་སྤྲད་ནས་ད་བར་བཙོན་ཁང་ནང་བཞག་ཡོད་པ་རེད། འོན་ཀྱང་དེ་རིང་ཁྲིམས་ཁང་གིས་ཁག་ཐེག་དངུལ་འཛིན་སྤྲད་པ་བརྒྱུད་གློད་བཀྲོལ་བཏང་ཡོད་པ་མ་ཟད་རྒྱ་གར་གཞུང་དང་མཉམ་ཞི་བའི་གྲོས་མོལ་གྱི་ལམ་ནས་ཁོང་གི་ཚོགས་པ་དང་ཞི་འགྲིགས་ཡོང་ཐབས་བྱེད་རྒྱུའི་འཆར་གཞི་ཡོད་འདུག་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་ཀྱང་གློད་བཀྲོལ་བཏང་བ་དེར་དགག་ཆ་གང་ཡང་བྱས་མེད་པ་རེད།