བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཡོ་རོབ་ལུག་སཾ་བྷོག་རྒྱལ་ཁབ་ཏུ་བོད་དོན་ཞུ་སྐུལ་གནང་བཞིན་པ།

2024.11.19
བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཡོ་རོབ་ལུག་སཾ་བྷོག་རྒྱལ་ཁབ་ཏུ་བོད་དོན་ཞུ་སྐུལ་གནང་བཞིན་པ། བྷེ་ཀྲམ་བྷོག་གྲོང་སྡེའི་སྤྱི་ཁྱབ་དང་། རྒྱལ་ཁབ་ཀྱི་ལྷོ་ཕྱོགས་མངའ་ཁུལ་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ལའོ་རན་ཊི་ཛཡེ་མཊི་མཆོག་དང་ལྷན། ༢༠༢༤།༡༡།༡༨ ཉིན།
TPiE

ཟླ་འདིའི་ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་བཅས་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཡོ་རོབ་ལུག་སཾ་བྷོག་རྒྱལ་ཁབ་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས། བྷེ་ཀྲམ་བྷོག་གྲོང་སྡེའི་སྤྱི་ཁྱབ་དང་། རྒྱལ་ཁབ་ཀྱི་ལྷོ་ཕྱོགས་མངའ་ཁུལ་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ལའོ་རན་ཊི་ཛཡེ་མཊི་ (Laurent Zeimet) ལགས་དང་ཐུག་འཕྲད་ཀྱིས། ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སོགས་ཀྱི་ཛ་དྲག་གནས་སྟངས་དང་འབྲེལ། རྒྱལ་ཁབ་དེ་ཉིད་ནས་བོད་ཀྱི་གནས་དོན་ཐད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་དང་མཉམ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱི་མཚན་རྟགས་འཁོད་པའི་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་དོན་ཚན་༡༤འཁོད་པ་ཞིག་ཕུལ་གནང་ཡོད་པ། སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

མ་ཟད་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་མུ་མཐུད་གསུངས་ན། བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས། ལོ་ལྟར་ཡུ་རོབ་རྒྱལ་ཁབ་མང་པོའི་གྲོང་ཁྱེར་དང་གྲོང་སྡེ་ལས་ཁུངས་སོགས་ཀྱི་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད་འདུག་ལ། གནད་ཡོད་མི་སྣ་རྣམས་ལ་རྒྱ་སནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་གཏོང་བཞིན་པའི་གནས་སྟངས་ངོ་སྤྲོད་དང་འབྲེལ། ཡོ་རོབ་མཉམ་འབྲེལ་དང་ལྷག་པར་ལུག་སཾ་བྷོག་རྒྱལ་ཁབ་ནས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་ཞིང་། བོད་དོན་དང་འབྲེལ་བའི་ཁྲིམས་འཆར་དང་གྲོས་ཆོད་སོགས་འཇོག་གནང་ཡོང་བ་སོགས་ཀྱི་འབོད་སྐུལ་ཁག་ཅིག་ཞུས་གནང་ཡོད་པ་རེད་འདུག

གཞན་ཡང་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་། གྲོས་ཚོགས་ཀྱི་ཕྱི་སྲིད་ཚོགས་ཆུང་གི་ཚོགས་མི་ལྕམ་སྐུ་སེམ་ཊན་སན་ (Sam Tanson) མཆོག་དང་ཡང་ཐུག་འཕྲད་ཀྱིས། བོད་དོན་ཞུ་སྐུལ་དང་མཉམ། རྒྱ་ནག་དང་མཉམ་འབྲེལ་ལམ་སྐབས་ཡིད་གཟབ་དགོས་པའི་གཞེན་སྐུལ་དང་། བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་འབྲེལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྐོར་ལ་གླེང་སློང་དང་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་འདུག་ལ། འདི་ཚེས་ ༡༩ ཉིན་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ལུག་སཾ་བྷོག་གྲོས་ཚོགས་འཐུས་མི་ཕྱི་སྲིད་ཚོགས་ཆུང་གི་ཚོགས་གཙོ་གཙོས་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་འཕྲད་ཀྱི་བོད་དོན་ཞུ་སྐུལ་གནང་འཆར་ཡོད་པ་རེད་འདུག

གསར་འགོད་པ། ཚེ་རིང་རྣམ་རྒྱལ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།






བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎