རྡ་ཤོད་བོད་ཁྱིམ་སློབ་གྲྭ་དེ་ཕྱི་རྒྱལ་བོད་ཕྲུག་ཚོའི་སློབ་གྲྭར་བསྒྱུར་ཡོད་འདུག
རྒྱ་གར་དང་བལ་པོ། འབྲུག་རྒྱལ་ཁབ་བཅས་ཀྱི་ནང་གནས་སྡོད་བོད་མི་བཙན་བྱོལ་བ་རྣམས། ནུབ་ཕྱོགས་རྒྱལ་ཁབ་ཁག་གཙོས་པའི་ཕྱི་རྒྱལ་དུ་གནས་སྤོའི་གནས་སྟངས་ལོ་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་པར་བརྟེན། བོད་མི་བཙན་བྱོལ་བའི་སློབ་གྲྭ་མང་པོ་ཁུ་བསྡུ་གནང་བཞིན་པའི་སྐབས་འདིར། དུས་ཀྱི་འགྱུར་བའི་དགོས་མཁོ་ལ་ལྟོས་ཏེ་རྡ་ཤོད་བོད་ཁྱིམ་སློབ་གྲྭ་དེ་བཞིན། གཙོ་བོ་ཕྱི་རྒྱལ་ཡུལ་ཁག་ཏུ་སྐྱེས་འཚར་གྱི་བོད་ཕྲུག་ཚོས་བཞུགས་སྒར་དུ་བོད་ཀྱི་སྐད་ཡིག་རིག་གཞུང་གཙོར་བཟུང་གིས། དེང་དུས་ཀྱི་ཚན་རྩལ་འཕྲུལ་ལས་སོགས་ཀྱང་ཕྱི་རྒྱལ་དང་ཚད་མཉམ་སྦྱང་ཐུབ་པའི་སློབ་གྲྭ་ཞིག་ཏུ་ཁ་བསྒྱུར་དགོས་གལ་ཞེས། ཕྱི་ནང་གི་བོད་མི་མང་པོས་དགོངས་འཆར་ཕུལ་བ་དང་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ནས་ཀྱང་བཀའ་འཁྲོལ་ཐོབ་པ་བརྒྱུད། རིང་མིན་སྤྱི་ཟླ་ ༨ པའི་ཚེས་ ༢ ནས་བཟུང་ཕྱི་རྒྱལ་བོད་ཕྲུག་འཛིན་གྲྭ་བཞི་པ་ནས་བརྒྱད་པ་བར་དུ་སློབ་གཉེར་བ་ཚོ་དངོས་བཞེས་གནང་གཏན་ཁེལ་ཡོད་ཅིང་། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲི་གཅོད་ལགས་ནས། ཁོ་ཚོའི་དམིགས་ཡུལ་གཙོ་བོ་ཕྱི་རྒྱལ་གྱི་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ལྷན། དེང་དུས་ཀྱི་ཤེས་ཡོན་ཡང་ནུབ་ཕྱོགས་ཡུལ་ཁག་གི་རྗེས་ཟིན་པ་ཞིག་ཡོང་ཐུབ་ཆེད། རྡ་ཤོད་བོད་ཁྱིམ་དེ་ཕྱི་རྒྱལ་ཡུལ་ཁག་གི་བོད་ཕྲུག་ཚོའི་སློབ་གྲྭ་ལ་བསྒྱུར་གཏན་ཁེལ་བ་འགྲེལ་བརྗོད་གནང་གི་འདུག
བོད་ཕྲུག་ཚོར་དེང་དུས་ཀྱི་ཤེས་ཡོན་སྤྲོད་རྒྱུ་དེ་གཞན་དང་ཚད་མཉམ་འཐུས་ཤོར་མ་སོང་བ་ཞིག་ཡོང་སླད། ཨ་མི་རི་ཀ་དང་ཁ་ན་ཊ། ཡོ་རོབ་བཅས་སུ་སྤྱི་ཡོངས་ཀྱིས་ཕྲུ་གུ་ཚོའི་ཉུང་མཐར་ཤེས་དགོས་པའི་སློབ་ཚན་གྱི་ཐོག་གྲ་སྒྲིག་གནང་ཡོད་པ་དང་། སོ་སོ་སྒེར་ངོས་ནས་རྒྱ་གར་ནང་གི་ཤེས་ཡོན་སློབ་སྦྱོང་སྤྲོད་ཕྱོགས་དང་ཕྱི་རྒྱལ་ཁག་ཏུ་སྤྲོད་ཕྱོགས་དབར། སློབ་ཁྲིད་ཐབས་ལམ་དང་མཐུན་རྐྱེན་སྦྱར་སྟངས་ཀྱི་ཁྱད་པར་ཡོད་ན་མ་གཏོགས། གཞི་རྩའི་སློབ་སྦྱོང་གི་རྨང་གཞིའི་ཐོག་རྗེས་མ་ཟིན་པར་མཐོང་གི་མེད་པས། ད་རེས་སློབ་ཁྲིད་བྱེད་ཕྱོགས་ཐད་དེང་དུས་དང་མཐུན་པའི་མཐུན་རྐྱེན་སྦྱར་པར་གོམ་པ་ཆེན་པོ་ཞིག་རྒྱག་འཆར་ཡོད་ཅེས། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲི་གཅོད་ལགས་ནས་འགྲེལ་བརྗོད་གནང་གི་འདུག
རྡ་ཤོད་བོད་ཁྱིམ་དུ་ཕྱི་རྒྱལ་གྱི་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་གོམས་གཤིས་དང་རྒྱལ་རབས་ཆོས་འབྱུང་སོགས་འཁྲིད་རྒྱུ་གཙོར་འདོན་གནང་རྒྱུ་ཡིན་པ་དང་། ཡང་དེང་དུས་ཀྱི་ཤེས་ཡོན་སྣ་མང་ཞིག་བོད་ཕྲུག་རྣམས་རྒྱལ་ཁབ་འདྲ་མིན་ནས་ཡོང་བ་ལ་མ་ལྟོས་པར། དབྱིན་ཇིའི་སྐད་ཡིག་གི་ལམ་ནས་སློབ་ཁྲིད་གནང་འཆར་ཡོད་ཅིང་། ཕྱི་རྒྱལ་བོད་ཕྲུག་ཚོར་མཐུན་རྐྱེན་གྱི་ཆ་ནས་ནུབ་ཕྱོགས་དང་མཐུན་པ་གང་ཐུབ་སྦྱར་ཆེད། དཔེར་ན། ཁྲུས་ཁང་གསང་སྤྱོད་ལྟ་བུ་ནུབ་ཕྱོགས་དང་མཐུན་པ་བཟོ་རྒྱུ་དང་ཉལ་ཁང་དུ་ཕྲུ་གུ་ཉུང་བར་འཇོག་པ། ཟས་བཅུད་འཕྲོད་བསྟེན་སོགས་གང་ཐུབ་གྲ་སྒྲིག་བྱས་བསྡད་ཡོད་པ་དང་། ཕ་མའི་ངོས་ནས་ཕྲུ་གུའི་སློབ་ཡོན་དང་ཟས་གོས་གནས་མལ་ཚང་མ་ཟླ་བ་རེར་ཨ་སྒོར་ ༣༥༠ ཕུལ་དགོས་པའི་ནང་ཚུད་འགྲོ་བ་འགྲེལ་བརྗོད་གནང་གི་འདུག
རྩ་བའི་བོད་ཁྱིམ་གྱིས་དབྱར་གསེང་གི་སྐབས་བསྟུན་ཕྱི་རྒྱལ་བོད་ཕྲུག་ཚོར་ལས་རིམ་འདྲ་མིན་གོ་སྒྲིག་གིས་ལོ་ངོ་ ༡༥ ལྷག་འགྲོ་བཞིན་པ་ཡིན་ནའང་། རྡ་ཤོད་བོད་ཁྱིམ་འདིར་ཕ་མས་བློས་གཏོང་གནང་ཐུབ་པ་ཡིན་ན། ལོ་བཞི་ནས་ལྔ་བར་དུ་སློབ་སྦྱོང་གནང་རྒྱུའི་དམིགས་ཚད་བཟུང་ཡོད་པ་དང་། རྡ་ཤོད་བོད་ཁྱིམ་དུ་ཕྱི་རྒྱལ་གྱི་བོད་ཕྲུག་སློབ་འཇུག་གི་བརྒྱུད་རིམ་ནི། བོད་ཁྱིམ་རང་གི་གསལ་བསྒྲགས་ནང་འཁོད་ཀྱི་དྲ་རྒྱའི་ཁ་བྱང་བརྒྱུད་ནས་འགེངས་ཤོག་བསྐངས་ཏེ། སྤྱི་ཟླ་ ༥ པའི་ཚེས་ ༡ ཉིན་འགྱངས་མེད་དོན་གཅོད་ཁག་ཏུ་ཕུལ་དགོས་པ་དང་། སྤྱི་ཟླ་ ༧ པའི་ཚེས་ ༣༡ ཉིན་ནས་ཕྲུ་གུ་ཚོ་སློབ་གྲྭར་འཛོམས་ནས་འབྱོར་ཐོ་འགོད་དགོས་པ། སྤྱི་ཟླ་ ༨ པའི་ཚེས་ ༢ ཉིན་སློབ་གྲྭ་དངོས་སུ་དབུ་འབྱེད་གནང་གཏན་བཅས་ཁེལ་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།