༸གོང་ས་མཆོག་ནས་འབྲས་ལྗོངས་སུ་གསུང་ཆོས།
2010.12.22
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་ཁུལ་ཉིན་གྲངས་བརྒྱད་རིང་ཆིབས་བསྒྱུར་བསྐྱངས་ཡོད་པ་ལྟར། ཁ་ས་སྒང་ཏོག་ནང་མང་ཚོགས་དད་ལྡན་ཁྲི་གཉིས་ལྷག་ཙམ་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འབྲེལ་གྱི་གསུང་ཆོས་བཀྲིན་ཆེ་གནང་མཛད་འདུག
༧གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་ཆོས་ཁས་ལེན་མིན་ལ་མ་ལྟོས་པར་མིའི་སེམས་རྒྱུད་ལ་བྱམས་བརྩེ་དང་སྙིང་རྗེ་བསྐྱེད་དགོས་ཡག་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བཀའ་གནང་འདུག
འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པ་ལྦན་ཀུ་མའར་ཆམ་ལིང་མཆོག་དང་མངའ་སྡེའི་བློན་ཆེན་དང། གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚོ་གསུང་ཆོས་ཞུ་བར་བཅར་ཡོད་ཅིང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ འགྲོ་བ་མིའི་སྤྱི་ཚོགས་ནང་ཁྱིམ་ཚང་ཞིག་ཡིན་རུང༌། ཡང་ན་སྤྱི་ཚོགས། རྒྱལ་ཁབ་སོགས་གང་རུང་ལ་དངུལ་ཅིག་པུས་བདེ་སྐྱིད་ཉོ་ཐུབ་ཡག་མེད་པ་དང༌། བདེ་སྐྱིད་ཡོང་ཐབས་སུ་བྱམས་སྙིང་རྗེ་དགོས་ཡག་དེ་གལ་ཆེ་ཡིན་སྐོར་བཀའ་གནང་འདུག དེ་བཞིན་གསུང་ཆོས་ཞུ་བར་བཅར་མཁན་ཚོར་ ༧གོང་ས་མཆོག་གིས་ནང་ཆོས་ལ་དད་པ་བྱས་པ་ཙམ་མ་ཡིན་པར་སངས་རྒྱས་ཀྱི་གསུངས་བའི་ནང་པའི་ཆོས་ལ་སློབ་སྦྱོང་ངེས་པར་བྱ་དགོས་པའི་བཀའ་སློབ་ཟབ་མོ་གནང་བཞག
བྱང་ཆུབ་སེམས་འབྲེལ་གྱི་གསུང་ཆོས་དབུ་འཛུགས་མ་གནང་གོང༌། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པ་ལྦན་ཀུ་མའར་ཆམ་ལིང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཎ་ཌལ་རྟེན་གསུམ་བསྟར་འབུལ་ཞུས་གནང་འདུག
དེ་ནས་ཉིན་དགུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་རྒྱལ་པོ་དཔལ་ལྡན་དོན་གྲུབ་ཀྱི་དྲན་རྟེན་ལྡུམ་རྭའི་ནང་གཟིགས་སྐོར་གནང་བ་དང་དེ་རྗེས་སྤྱི་ཁྱབ་བློན་ཆེན་གྱི་གཟིམ་ཤག་ཏུ་ཉིན་དགུང་ལྗགས་སྨིན་ཕུལ་གནང་ཡོད་པ་རེད།
དེ་བཞིན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་དང་བོད་རིག་པའི་ཞིབ་འཇུག་སློབ་གཉེར་ཁང་དང་དེའི་འགྲེམས་སྟོན་ཁང་བཅས་ལ་གཟིགས་སྐོར་གནང་བ་དང༌། དེ་གར་འདུས་པའི་འབྲས་ལྗོངས་ཀྱི་སློབ་མ་བརྒྱ་སྐོར་ཞིག་ལ་བཀའ་སློབ་སྩལ་གནང་མཛད་འདུག འབྲས་ལྗོངས་མངའ་སྡེའི་གཞུང་གི་གདན་ཞུའི་འོག་ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཉིན་གྲངས་བརྒྱད་རིང་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་རེད།