གླིང་ཚ་ཚེ་བརྟན་རྡོ་རྗེ་བོར་ནས་ལོ་གཉིས་སོང་བར་སེམས་ཁྲལ།
བོད་དོན་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གར་སོང་ཆ་མེད་གྱུར་ནས་ལོ་གཉིས་ཕྱིན་པ་དང་བོད་མི་ཚོས་སེམས་ཁྲལ་གནང་བ།
-
2015-06-09 -
-
-
བོད་དོན་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གར་སོང་ཆ་མེད་གྱུར་ནས་ལོ་གཉིས་ཕྱིན་པ་དང་བོད་མི་ཚོས་སེམས་ཁྲལ་གནང་བ།
དེ་ཡང་བོད་དོན་ཆེད་གོམ་བགྲོད་གནང་མཁན་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཕེབས་འཇུག་དགོས། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས། བོད་མིར་རང་གི་སྐད་དང་ཡི་གེ་སྦྱོང་རྒྱུའི་རང་དབང་སྤྲོད་དགོས་པ་སོགས་རྒྱ་ནག་གཞུང་ལ་ཆ་རྐྱེན་དོན་ཚན་ལྔ་བཏོན་ནས། ༢༠༡༢ལོར་བཞུགས་སྒར་རྡ་རམ་ས་ལ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་ཞི་བའི་གོམ་བགྲོད་གནང་སྐབས་བལ་ཡུལ་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་ཟླ་ཤས་རིང་བཀག་ཉར་བྱས་རྗེས་གློད་བཀྲོལ་བཏང་ཡོད་པ་རེད། དེ་ནས་ཁོང་གིས་བསྐྱར་དུ་༢༠༡༣ལོའི་ཟླ་བ་༣པའི་ཚེས་༡༠ཉིན་གོམ་བགྲོད་ཐེངས་གཉིས་པ་དེ་འགོ་འཛུགས་གནང་ནས་ཉིན་གྲངས་༨༩ཕྱིན་པའི་རྗེས་ལོ་དེའི་ཕྱི་ཟླ་༦པའི་ཚེས་༨ཉིན་རྒྱ་གར་ནུབ་བྷང་གལ་མངའ་སྡེའི་ནང་ཁོང་གར་སོང་ཆ་མེད་དུ་གྱུར་ནས་ད་བར་ལོ་གཉིས་ཕྱིན་ཡོད་ནའང་ད་དུང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གར་ཡོད་སུས་ཀྱང་རྕད་གཅོད་ཐུབ་ཀྱི་མེད་སྟབས་ཁོང་གི་ཨ་མ་ལགས་གཙོས་པའི་ནང་མི་གྲོགས་པོ་ཚོས་ཁོང་གི་ཐོག་སེམས་ཁྲལ་ཆེན་པོ་བྱེད་བཞིན་པ་དང་། བོད་མི་མང་པོ་ཞིག་གིས་དྲ་ལམ་འཕྲིན་ལམ་ལ་ཁོང་གི་པར་དང་། འབྲེལ་ཡོད་གནས་ཚུལ། ད་དུང་རྩོམ་ཡིག་འདྲ་མིན་སྤེལ་ནས་ཁོང་ལ་རྗེས་དྲན་བྱེད་བཞིན་པ་རེད།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ནི་༡༩༧༧ལོར་མདོ་སྨད་བླ་བྲང་དུ་སྐྱེས་ཤིང་། ཁོང་གི་སྨྱུག་མིང་ལ་མི་འགྱུར་གངས་ཕྲུག་ཟེར། ༡༩༩༨ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་ནས་བོད་དབྱིན་གཉིས་ཐོག་སློབ་སྦྱོང་གནང་ཡོད། ༢༠༠༨ ལོ་ནས་ཨེ་ཛི་རལ་རྒྱལ་ཁབ་ཏུ་ཕྱིན་ཏེ། ཁོང་གི་བཟའ་ཟླ་དང་ཁོང་གཉིས་ལ་བྱིས་བ་གཉིས་ཡོད།
ཁོང་གིས་ད་བར་བོད་ཡིག་ཐོག་དེབ་ ༤ བརྩམས་ཡོད་ཅིང་། ལྷག་པར་ཁོང་གིས་སྨྱུག་མིང་འདྲ་མིན་འོག བོད་ཕྱི་ནང་གི་དྲ་ཚིགས་ཁག་ཏུ་བོད་དོན་དང་འབྲེལ་བའི་བསམ་ཚུལ་དང་རྩོམ་ཡིག་འདྲ་མིན་སྤེལ་ཡོད་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ་དང་ཀླུ་འབུམ།