བོད་ཀྱི་ལོ་གསར་སྐབས་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་བྱེད་བཞིན་ཡོད་འདུག

བོད་ཀྱི་ལོ་གསར་སྐབས་རྒྱ་ནག་གཞུང་གིས་བོད་ནང་དང་ལྷག་པར་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དུ་དམ་དྲག་བྱེད་བཞིན་ཡོད་འདུག

བོད་འབྱོར།/RFA

སྤྱི་ཟླ་༢པའི་ཚེས་༢༡བོད་ཀྱི་ལོ་གསར་ཚེས་པ་དང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་དང་། གཞིས་ཀ་རྩེ། དེ་བཞིན་ཆབ་མདོ་སོགས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཁག་ཏུ་དམིགས་བསལ་དམ་དྲག་བྱེད་ཀྱི་ཡོད་འདུག དེའི་ཐད་རྡ་རམ་ས་ལར་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས། ཡུན་རིང་ཞིག་གི་རྗེས། ལྷ་སར་ཡོད་པའི་ནང་མི་སྤུན་མཆེད་ཚོར་ལོ་གསར་ཚེས་གཅིག་ཉིན་འཚམས་འདྲི་ཞུས་པའི་སྐབས། དམིགས་བསལ་ལོ་གསར་སྐབས་སུ་འབྲེལ་བ་རིགས་མ་གནང་རོགས་ཞེས་དངངས་འཚབ་ཀྱི་སྒོ་ནས་གསུངས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
ད་དུང་ལྷ་སར་ནང་མི་སྤུན་ཆེད་ཡོད་པའི་བོད་མི་གཞན་ཞིག་གིས། དེང་སྐབས་གཞུང་གིས་ཆོག་མཆན་མེད་པར་པར་བསྐྲུན་རིགས་གང་ཡང་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཡང་གཞིས་ཀ་རྩེ་ཁུལ་དུ་ཕ་མ་སྤུན་མཆེད་ཡོད་པའི་བཙན་བྱོལ་བོད་མི་ཞིག་གིས། ལོ་གསར་ཚེས་གཅིག་ཉིན་ངས་ཕ་མ་ཚོར་འབྲེལ་བ་བྱས་པའི་སྐབས། ལོ་གསར་གྱི་འཚམས་འདྲི་ཞུས་མ་ཐག་ཏུ། ད་སྐབས་གཞིས་ཀ་རྩེའི་ཁུལ་དུ་ས་གནས་གཞུང་གི་ཉེན་རྟོག་པས། དུས་ཚོད་ངེས་མེད་ཐོག་ཞིབ་བཤེར་བྱེད་ཀྱི་ཡོད་པས། གནས་སྐབས་རིང་ཁ་པར་བརྒྱུད་གནས་ཚུལ་འདྲ་མིན་རིགས་བརྒྱུད་སྐུར་བྱས་པ་ལ་སོགས་པའི་འབྲེལ་བ་རིགས་མ་བྱེད་རོགས་གསུངས་ཡོད་པ་འགྲེལ་བརྗོད་གནང་གི་འདུག


ཡང་རྡ་རམ་ས་ལར་གནས་སྡོད་བཙན་བྱོལ་བོད་མི་གཞན་ཞིག་གིས། རྡ་རམ་ས་ལ་ནས་ཁ་པར་བརྒྱུད་ཆབ་མདོར་ཡོད་པའི་ནང་མི་ཚོར་ཐད་ཀར་འབྲེལ་བ་བྱས་ན། ནང་མི་སྤུན་མཆེད་ཚོ་ཞེད་སྣང་བྱེད་ཀྱི་འདུག་པས། ཕྱི་རྒྱལ་དུ་ཡོད་པའི་སྤུན་ཉེ་གཞན་ཚོ་བརྒྱུད་ནས་ཕ་ཡུལ་དུ་ལོ་གསར་གྱི་འཚམས་འདྲི་ཞུས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ལོ་འདིའི་སྤྱི་ཟླ་༢པ་ཤར་མ་ཐག་ཏུ་ལྷ་སའི་བར་སྐོར་དང་ཕོ་བྲང་པོ་ཏ་ལའི་སྐོར་ལམ་དུ་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཡོད་པ་བོད་ནས་བོད་མི་ཞིག་གིས་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་ལ། ད་དུང་ལྷ་སའི་བར་སྐོར་ནང་མཚམས་རེར་རྒྱ་ནག་གི་དམག་མིས་སྐད་ཤུགས་ཆེན་པོས་དམག་སྦྱོང་སོགས་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྤྱིར་བཏང་བོད་ནང་ལྟ་བུར་མཚོན་ན། ལོ་གསར་དང་གསུམ་བཅུའི་དུས་དྲན། ༧གོང་ས་མཆོག་གི་འཁྲུངས་སྐར་སོགས་ནི་རྒྱ་ནག་གཞུང་གི་ངོས་ནས་ཆབ་སྲིད་ཀྱི་དུས་ཚོད་ཛ་དྲག་ཤོས་ཤིག་ཏུ་ངོས་འཛིན་བྱས་ནས། ནམ་རྒྱུན་སྤྱི་ཚོགས་བདེ་འཇགས་ལ་འགན་འཁུར་ཟེར་བའི་མིང་ཐོག་ནས་དམག་མི་དང་ཉེན་རྟོག་པ་འབོར་ཆེན་འགྲེམས་འཇོག་དང་། བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་བཤེར་བྱེད་མུས་ཡིན་པ་རེད།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org