ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་བོད་ཀྱི་ལོ་གསར་ལ་འཚམས་འཕྲིན་སྤེལ་གནང་འདུག
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ནང་ཆུ་ཡོས་བོད་ཀྱི་ལོ་གསར་གཞུང་འབྲེལ་གྱིས་སྲུང་བརྩི་གནང་གི་ཡོད་པ་དང་ཕྱི་སྲིད་དྲུང་ཆེ་མཆོག་གིས་བོད་ཀྱི་ལོ་གསར་ལ་འཚམས་འཕྲིན་སྤེལ་འདུག
- 2023-02-22
-
-
-
དེ་ཡང་བོད་རྒྱལ་ལོ་༢༡༥༠རབ་གནས་ཆུ་ཡོས་ལོའི་བོད་ཟླ་དང་པོའི་ཚེས་གཉིས། སྤྱི་ཟླ་གཉིས་པའི་ཚེས ཉེར་གཉིས་ཉིན་ཀྱི་ཕྱི་དྲོ་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་གཞུང་འབྲེལ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་གནང་གི་ཡོད་པ་དང། ལོ་གསར་ཚེས་གཅིག་ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་མཆོག་གིས་བོད་ཀྱི་ལོ་གསར་ལ་བོད་མི་ཡོངས་ལ་འཚམས་འདྲིའི་འཕྲིན་ཡིག་ཞིག་ཕྱི་སྲིད་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་སྤེལ་བའི་ནང་། ཨ་རིའི་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་་ཉིས་ཁྲི་དྲུག་སྟོང་ཐེ་བའི་རྒྱལ་སྤྱིའི་ཐོག་གི་བོད་མི་སྐྱབས་བཅོལ་བ་བོད་མི་ཡོངས་ཀྱིས་བྱམས་སྙིང་རྗེ་དང་། སྙིང་རུས་ལྡན་པའི་ངང་ཆུ་ཡོས་བོད་ཀྱི་གནམ་ལོ་གསར་ཚེས་སྲུང་བརྩི་བཞིན་པ་འདིས་བོད་པའི་སྟོབས་ཤུགས་མཚོན་པས། ལོ་གསར་ཉིན་ཚང་མར་འཚམས་འདྲི་ཞུ། ཨ་རིའི་གཞུང་གིས་བོད་མིའི་ཐུན་མོང་མ་ཡིན་པའི་སྐད་དང་རིག་གཞུང་། ཆོས་ལུགས་ཀྱི་གནའ་སྲོལ་གོམས་གཤིས། གཞན་ཡང་སོ་སོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ལ་གཞན་གྱིས་ཐེ་ཇུས་མེད་པའི་ཡང་སྲིད་བཙལ་རྒྱུ་དང་དད་པ་བྱེད་རྒྱུ་སོགས་ཀྱི་ཐོག་ལ་རྒྱབ་སྐྱོར་གནང་རྒྱུ་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་ནན་ཞུ་རྒྱུ་ཡིན་ཅེས་གསུངས་འདུག
དེ་བཞིན་ཡང་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་ཀྱིས་གཞུང་འབྲེལ་(twitter)་བོད་ཀྱི་ལོ་གསར་ལ་འཚམས་འདྲི་གནང་བའི་ནང་། ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པའི་ངོས་ནས་འཛམ་གླིང་གི་ས་ཕྱོགས་གང་སར་བོད་ཀྱི་ལོ་གསར་སྲུང་བརྩི་གནང་མཁན་ཡོངས་ལ་འཚམས་འདྲི་ཞུས་བ་དང་མཉམ། བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་བཅས་བ་སྲུང་སྐྱོབ་ལ་རྒྱབ་སྐྱོར་ཡོད་པ་བསྐྱར་དུ་ནན་བརྗོད་གནང་འདུག
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་གཞུང་འབྲེལ་བོད་ཀྱི་ལོ་གསར་སྲུང་བརྩི་གནང་བ་དེ་ཐོག་མ་སྤྱི་ལོ་༢༠༡༥ལོ་སྐབས་དེའི་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Sara Sewall)་ལགས་ཀྱི་སྐབས་སུ་འགོ་བཙུགས་གནང་བ་ནས། ལོ་ལྟར་གཞུང་འབྲེལ་སྲུང་བརྩི་ཞུ་བཞིན་ཡོད་ཀྱང་སྔ་ལོ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་རྐྱེན་གྱིས་དྲ་ལམ་ནས་ཞུ་དགོས་བྱུང་ཡང་འདི་ལོ་དངོས་སུ་ཕྱི་སྲིད་ལས་ཁུངས་སུ་འདུ་འཛོམས་ཀྱིས་སྲུང་བརྩི་ཞུ་རྒྱུ་ཡིན་པ། བྱང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་འབུམ་རམ་པ་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཕྱི་དྲོ་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་གཞུང་འབྲེལ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་གཏན་འཁེལ་ཡོད་པ་རིམ་པས་འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་བཀོད་སྤེལ་བྱེད་རྒྱུ་ཡིན།
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།