འགྲོ་བ་མིའི་ཐོབ་ཐང་གི་གསལ་བསྒྲགས་སྤེལ་ནས་ལོ་༦༣་འཁོར།
2011.12.12
༄༅༎ཨ་རིའི་ནུབ་ཕྱོགས་ལོསེ་ཨེན་ཇེ་ལེསི་གྲོང་ཁྱེར་ནང་ཡོད་པའི་བོད་མི་རྣམས་ཀྱིས་ཁ་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་འགྲོ་བ་མིིའི་ཐོབ་ཐང་གསལ་བསྒྲགས་ཀྱི་ཡིག་ཆ་འགྲེམས་སྤེལ་གནང་ནས་ལོ་ངོ་ ༦༣ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད་ གོང་ཞུས་ཀྱི་དུས་དྲན་དེ་ཨ་རིའི་ལོསེ་ཨེན་ཇེ་ལེསི་གྲོང་ཁྱེར་ནང་ཡོད་པའི་ལྷོ་ཀེ་ལི་ཕོར་ནི་ཡ་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་དུས་དྲན་དེ་གྲོང་ཁྱེར་དེའི་ནང་ཡོད་པའི་རྒྱ་རིགས་དང་ཨ་རི་བ་དེ་བཞིན་སི་རི་ཡའི་མི་རིགས་སོགས་ཚུད་པའི་ཚོགས་པ་འདྲ་མིན་མང་དག་ཅིག་གི་ལྷན་དུ་སྲུང་བརྩི་ཞུས་ཡོད་པ་རེད་ དུས་དྲན་སྲུང་བརྩི་གནང་མཁན་རྣམས་ཀྱིས་ལོསེ་ཨེན་ཇེ་ལེསི་གྲོང་ཁྱེར་གྱི་ལས་ཁུངས་ནས་རྒྱ་ནག་གི་ཡན་ལག་ལས་ཁུངས་བར་གོམ་སྤོས་ཀྱི་ལམ་ནས་དུས་དྲན་སྲུང་བརྩི་གནང་སྐབས་ལམ་བར་གཡས་གཡོན་གྱི་གྲོང་ཁྱེར་མི་མང་གིས་དོ་སྣང་གནང་དགོས་པ་ཞིག་བཟོས་ཡོད་པ་རེད་ འགྲོ་བ་མིའི་ཐོབ་ཐང་ཆེད་གོམ་སྤོས་ཀྱི་ལས་འགུལ་དེའི་དམིགས་ཡུལ་ནི་དེང་སྐབས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པ་མ་ཟད་དེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་ཐེར་འདོན་ཆེད་གནང་བ་ཞིག་ཡིན་པ་རེད་ ཉེ་བའི་ཆར་རྒྱ་ནག་གཞུང་གིས་ཞི་བའི་མི་མང་རྣམས་ཀྱི་རང་དབང་ཐོག་དམ་བསྒྲཌ་བྱེད་རྒྱུའི་སྲིད་བྱུས་དེ་ཧ་ཅང་གི་དམ་དུ་བཏང་བ་དང་ལྷག་པར་དུ་རང་དབང་ཐོག་འཐབ་རྩོད་གནང་མཁན་གྱི་ཚོགས་སྡེ་དང་མི་སྒེར་ཐོག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་ནས་སྨྲ་བརྗོད་དང་གསར་འགོད་དེ་བཞིན་དྲ་རྒྱའི་ཐོག་དམ་བསྒྲཌ་ཧ་ཅང་གི་ལྕི་བོ་བཟོས་ཡོད་པ་རེད་ ཡང་བོད་མི་རྣམས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་སྲུང་བརྩིའི་ཉིན་དེར་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟག་འབུལ་བཞེས་བསྐྱངས་ནས་ལོ་ངོ་ ༢༢ འཁོར་བའི་དུས་སྐབས་མཉམ་འཁེལ་ཡིན་སྟབས་དུས་དྲན་དེ་ཡང་ལྷན་གཅིག་ཏུ་སྲུང་བརྩི་ཞུས་ཡོད་པ་རེད་