རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ལ་ཆེ་བསྟོད་སྣེ་ལེན་འདུ་འཛོམས།
2015.03.18
དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ལ་ཆེ་བསྟོད་སྣེ་ལེན་འཚམས་འདྲིའི་འདུ་འཛོམས་ཤིག་ཨ་རིའི་རྒྱལ་སར་གནང་སོང་།
དེ་ཡང་སྤྱི་ལོ་༢༠༡༥་ལོའི་ཟླ་གསུམ་པའི་ཚེས་༡༧་ཉིན། ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཚོགས་ཁང་ནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ལ་ཆེ་བསྟོད་སྣེ་ལེན་འཚམས་འདྲིའི་འདུ་འཛོམས་ཤིག་གནང་ཡོད་པ་དང་། ཆེ་བསྟོད་འཚམས་འདྲི་དེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་ཅིག་གིས་གོ་བསྒྲིགས་གནང་བ་ཞིག་ཡིན་པ་རེད། ཐེངས་འདིར་རྒྱ་རི་རིན་པོ་ཆེར་ཆེ་བསྟོད་ཀྱི་འཚམས་འདྲིའི་ལས་རིམ་ངོ་སྤྲོད་དེ་བོད་དོན་རྒྱབ་སྐྱོར་བ་དང་ཨ་མི་རི་ཀའི་སྙན་གྲགས་ཅན་གྱི་གློག་བརྙན་འཁྲབ་སྟོན་པ་Richard Gereགྱིས་གནང་ཡོད་ཅིང་། ཁོང་གིས་ངོ་སྤྲོད་གནང་རྗེས་རྒྱ་རི་རིན་པོ་ཆེ་མཆོག་ལ་ངོས་འཛིན་ཆེ་བསྟོད་ཀྱི་གསུང་བཤད་གནང་མཁན་གཙོ་བོའི་གྲས་སུ་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་Nancy Pelosyདང་། གྲོས་ཚོགས་གོང་མའི་འཐུས་མི་Mark Kirkབོད་དོན་ཆེད་དམིགས་བསལ་འབྲེལ་འཐུད་སྐུ་ཚབ་ཟུར་པ་Greg Craig གྲོས་ཚོགས་འོག་མིའི་འཐུས་མིTom Lantos་ འདས་པོའི་ལྕམ་དང་། ༧གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་སོགས་ཀྱིས་ངོས་འཛིན་ཆེ་བསྟོད་གནང་སོང་། གྲོས་ཚོགས་གོང་མའི་འཐུས་མི་ལྕམ་Dianne Feistein མཛད་འབྲེལ་གྱི་རྐྱེན་པས་དངོས་སུ་ཕེབས་ཐུབ་མེད་ཀྱང་། ཁོང་གིས་ཕྱག་བྲིས་དང་ཕྱག་ཁྱེར་གནང་བའི་ནང་། རྒྱ་རི་རིན་པོ་ཆེ་ཨ་མི་རི་ཀའི་ནང་ཕེབས་ནས་ལོ་ངོ་༢༠་ཙམ་གྱི་རིང་བོད་མིའི་ཐོབ་ཐང་ཆེད་དུ་འབད་བརྩོན་སྐུ་ལས་བསྐྱོན་པར་ངོས་འཛིན་ཆེ་བསྟོད་གནང་འདུག སྣེ་ལེན་འཚམས་འདྲིའི་གསུང་བཤད་ཁག་གི་སྙིང་དོན་གཙོ་བོར། རྒྱ་རི་རིན་པོ་ཆེ་ཡིས་བོད་དོན་ཆེད་ཨ་མི་རི་ཀའི་ཆབ་སྲིད་ཚོགས་པ་གཉིས་ཀའི་ངོས་ལེན་རྒྱབ་སྐྱོར་ཐུགས་ཁུར་ཐོབ་ཐུབ་པ་བྱུང་པ་ལེགས་སྐྱེས་ཆེ་ཤོས་ཡིན་པ་ངོས་ལེན་གནང་སོང་།
ད་རེས་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་རིན་པོ་ཆེར་སྣེ་ལེན་ཆེ་བསྟོད་འཚམས་འདྲིའི་འདུ་འཛོམས་སར། ཨ་རིའི་དོན་གཅོད་སྐལ་རྡོར་ལགས་དང་། བཀའ་ཟུར་བློ་བཟང་སྙན་གྲགས། བཀའ་ཟུར་བཀྲས་མཐོང་རྣམ་བསྟན་འཛིན་རྣམ་རྒྱལ་སོགས་བོད་མི་གཙོས་མི་གྲངས་གསུམ་བརྒྱ་ལྷག་ཙམ་ཕེབས་ཡོད་ཅིང་། ཕྱི་མིའི་ཁོངས་སུ་མང་ཆེ་བ་ནི། རིན་པོ་ཆེས་ལོ་ངོ་མང་པོའི་རིང་ཕྱག་ལས་གནང་བ་དང་འབྲེལ་འདྲིས་ཆེ་བའི་མི་སྣ་དང་། ཁོང་ལ་དགའ་མོས་གནང་མཁན་མི་སྣ་ཁག་ཆེད་མངགས་གདན་ཞུའི་ཐོག་ནས་ཆེད་བཅར་གནང་བ་རེད།
གསར་འགོད་པ་ཀརྨ་རྡོ་རྗེ།