བོད་མིའི་སྒྲིག་འཛུགས་སྲ་བརྟན་སླད་རང་ནུས་གང་ལྕོགས་གནང་རྒྱུའི་འདུན་པ་ཡོད་ཅེས། བདམས་ཐོན་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མི་རྣམ་གཉིས་ནས་གསུངས་པ།
ཟླ་བ་དེའི་ཚེས་ ༧ རེས་གཟའ་ཟླ་བའི་ཉིན་གྱི་སྔ་དྲོར་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཏར་ལམ་སྒྲོལ་མ་ལགས་དེ་བཞིན་སྤྱི་མཐུས་རྒྱུན་ལས་རྣམ་པ་ལྷན་བཞུགས་ཐོག དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་སྤྱི་ཟུར་བློ་བཟང་ཡེ་ཤེས་ལགས་དང་། བདམས་ཐོན་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མི་རྡ་སྟེང་བོད་ཁྱིམ་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་རྣམས་གཉིས་ནས་སྤྱི་མཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་མདུན་ནས་ལས་འཁུར་དམ་བཅའ་འབུལ་བཞེས་གནང་སོང་བ་དང་། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དུ་བདམས་ཐོན་བྱུང་བ་དེ་ནི་ཤིན་ཏུ་གོ་སྐབས་རྩ་ཆེན་དང་བཟང་པོ་ཞིག་ལ་ངོས་འཛིན་གྱིས། མ་འོངས་པ་བོད་མིའི་སྒྲིག་འཛུགས་སྲ་བརྟན་གནས་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོ་ཞིག་ཡིན་པས་དམ་བཅའ་འབུལ་བ་བཞིན་དུ་རང་ནུས་གང་ལྕོགས་ཀྱི་ཕྱགས་ལས་གནང་རྒྱུ་ཡིན་ཞིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་མང་གཙོ་གསོལ་སྩལ་མཛད་ཡོད་པ་བཞིན། འོས་བསྡུ་ནི་མང་གཙོའི་ལམ་ལུགས་གལ་ཆེ་ཤོས་དེ་ཡིན་པ་རེད་ཅེས། བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

དེ་བཞིན་འདེམས་བསྐོ་ལྷན་ཁང་གི་ཚོགས་མི་རྡ་སྟེང་བོད་ཁྱིམ་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་ནས། ཐེངས་འདིར་ཁོང་འདེམས་བསྐོ་ལྷན་ཁང་གི་ཚོགས་མིར་བདམས་ཐོན་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞིང་། ཁོང་ནས་མ་འོངས་བོད་མིའི་སྒྲིག་འཛུགས་མུ་མཐུད་ད་ལྟ་བཞིན་སྲ་བརྟན་ཐུབ་རྒྱུར་རང་ནུས་གང་ལྕོགས་ཀྱི་ཕྱག་ལས་གནང་རྒྱུ་ཡིན་པ་འདི་ག་ཨེ་ཤེ་ཡ་རླུང་འཕྲིན་ཁང་ལ་གསུངས་བྱུང་། དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་གོ་བདུན་པའི་ནང་གསེས་ ༢ པའི་ག “ དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་ལས་འཕར་གཉིས་ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྤྱི་འཐུས་ཚོགས་གཙོའི་མདུན་དམ་བཅའམ། ཁས་ལེན་བྱེད་དགོས།” ཞེས་པའི་དགོངས་དོན་ལྟར། དཔལ་ལྡན་ཚོགས་གཙོ་མཆོག་གི་མདུན་ནས་བློ་བཟང་ཡེ་ཤེས་ལགས་ནས་དབུས་འོས་བསྡུའི་འགན་འཛིན་གྱི་ལས་འཁུར་དམ་འབུལ་ཞུས་ཡོད་ཅིང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་གཅིག ནང་གསེས་ ༣ པ། “ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མི་ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྤྱི་འཐུས་ཚོགས་གཙོའི་མདུན་དམ་བཅའམ། ཁས་ལེན་བྱེད་དགོས།” ཞེས་པའི་དགོངས་དོན་ལྟར། དཔལ་ལྡན་ཚོགས་གཙོ་མཆོག་གི་མདུན་ནས་འདེམས་བསྐོ་ལྷན་ཁང་གི་ཚོགས་མི་རྡ་སྟེང་བོད་ཁྱིམ་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་ནི་ལས་འཁུར་དམ་འབུལ་ཞུས་ཡོད་པ་རེད།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།