༄༅། །ཆབ་སྲིད་བཙོན་པ་བློ་བཟང་བསྟན་འཛིན་ལགས་ལོ་༢༥རིང་རྒྱ་ནག་གཞུང་གིས་བཙོན་འཇུག་འོག་མནར་གཅོད་ཚད་མེད་མྱངས་རྗེས་ལུས་པོ་གཅོང་ནད་ཆགས་ཏེ་རང་ཁྱིམ་དུ་བཏང་འདུག ཕྱི་ལོ་༡༩༥༩ རྗེས་བོད་ཀྱི་ཆབ་སྲིད་བཙོན་པ་རྒྱ་ནག་གཞུང་གིས་བཙོན་ཁང་ནང་ཡུན་རིང་ཤོས་བཙོན་འཇུག་བྱས་པའི་གྲས་བློ་བཟང་བསྟན་འཛིན་ལགས་ལོ་མང་རིང་བཙོན་ཁང་ནང་དཀའ་སྡུག་ཚད་མེད་མྱངས་བར་བརྟེན། ཁོང་གི་གཟུགས་པོའི་གནས་སྟངས་ཇེ་ཞན་ཇེ་སྡུག་གིས་མཁལ་མ་དང་། མངར་ཆའི་ནད་གཞི་སོགས་ཀྱིས་རྐྱེན་པས་མིག་གི་ནུས་པ་ཉམས་ཏེ་སྐབས་རེ་ལོང་བ་ལྟ་བུར་གྱུར་བའི་དཀའ་ངལ་འོག་སྔ་ལོའི་ལོ་མཇུག་ནས་རང་ཁྱིམ་དུ་སྨན་བཅོས་གནང་བཞིན་ཡོད་འདུག
བློ་བཟང་བསྟན་འཛིན་ལགས་ནི། ཕྱི་ལོ་༡༩༦༦ལོར་ལོར་སྐྱེས་ཤིང་། ཕྱི་ལོ་༡༩༨༧ལོ་ནས་བོད་ལྗོངས་སློབ་གྲྭ་ཆེན་མོར་སློབ་ཞུགས་ཀྱི་ཕྱི་ལོ་༡༩༨༨ལོའི་ཕྱི་ཟླ་གསུམ་པའི་ཚེས་༥ཉིན་ལྷ་སར་བོད་རང་བཙན་གྱི་སྐད་འབོད་སོགས་ཞི་རྒོལ་གྱི་ལས་འགུལ་ནང་ཞུགས་པའི་རྐྱེན་གྱིས་འཛིན་བཟུང་བྱས་ཏེ། རྒུ་ཚ་ལྟ་སྲུང་ཁང་དུ་བཙོན་འཇུག་གིས་ རྒྱ་མིའི་དམག་མི་གཅིག་བསད་པ་དང་འབྲེལ་བའི་ཁྲིམས་འཁྱོག་བཙན་བཀལ་གྱིས་ལོ་གཉིས་རྗེས་སྲོག་ཐོག་གི་ཁྲིམས་ཐག་བཅད་ཀྱང་། བོད་ཕྱི་ནང་གི་གནོན་ཤུགས་ལ་བརྟེན་ནས་ཕྱི་ལོ་༡༩༩༡ལོར་སྲོག་ཁྲིམས་ཉེས་ཆད་ནས་ཚེ་བཙོན་དུ་གྱུར་ཏེ་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་པ་ཞིག་ཡིན་པ་རེད།།