ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཤྲཱི་ལངྐའི་ནང་ཕེབས་གནང་བ།

དེ་ཡང་ཤྲཱི་ལངྐའི་ནང་པའི་ཆོས་རྒྱུད་ཁག་ཅིག་ནས་ལོ་མང་རིང་གསོལ་འདེབས་ཞུས་དོན་ལྟར་། གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཟླ་བ་འདིའི་ཚེས་༢༦ཉིན་ཤྲཱི་ལངྐའི་རྒྱལ་ས་ཀོ་ལོམ་པོའི་གནམ་ཐང་དུ་ཕེབས་འབྱོར་སྐབས་ཁུལ་དེའི་ནང་པའི་ཆོས་རྒྱུད་ཆེ་བ་ཁག་ཅིག་གི་འབྲེལ་ཡོད་བླ་ཆེན་དང་། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སོགས་ཀྱི་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་འདུག
དེ་བཞིན་སྤྱི་ཚེས་༢༧ ཉིན་ Amarapura Maha Nikaya ཞེས་པའི་ནང་པའི་སྒྲིག་འཛུགས་ཀྱིས་རིན་པོ་ཆེ་མཆོག་རྒྱལ་ས་ཀོ་ལོམ་པོའི་ནང་ཡོད་པའི་ལས་ཁུངས་ཨ་མའི་ནང་གདན་ཞུས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག ནང་པའི་སྒྲིག་འཛུགས་དེའི་བསྟན་བདག་ Dodampahala Chandrasiri Mahanayake Thero མཆོག་གི་དབུས་པའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམས་དང་མཇལ་འཕྲད་གནང་སྟེ་ཕན་ཚུན་དབར་དམ་ཆོས་འདུལ་བའི་ཉམས་བཞེས་སྐོར་བགྲོ་གླེང་ལྷུག་པོ་གནང་བ་མ་ཟད། སྤྱི་ཚེས་༢༨ཉིན་གནས་ཆེན་ཁག་ཅིག་ལ་གནས་གཟིགས་གནང་ཡོད་པ་སོགས་ཀྱི་སྐོར་རིན་པོ་ཆེའི་ཕྱག་མཛོད་བསྟན་འཛིན་མཁྱེན་བརྩེ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཡུལ་དེའི་གསར་འགྱུར་བརྒྱུད་ལམ་གྱི་བཀའ་འདྲིའི་ལས་རིམ་ཐོག་དབུ་བཞུགས་མཛད་ཡོད་པ་ལྟར་བརྒྱུད་ལམ་ཁག་གིས་གླིང་རིན་པོ་ཆེ་མཆོག་ཤྲཱི་ལངྐར་ཆིབས་བསྒྱུར་མཛད་པ་དེས་བོད་བརྒྱུད་ནང་བསྟན་དང་སིངྒ་ལའི་ནང་པའི་དབར་ཐུན་མོང་མ་ཡིན་པའི་འབྲེལ་ལམ་ཡོད་པ་དེ་དམ་ཟབ་ཏུ་ཕྱིན་པ་ཞིག་མཚོན་གྱི་ཡོད་ལུགས་གསུངས་ཡོད་པ་བཅས་ད་ལྟའི་ཆར་མཛད་རིམ་གཞིར་བཟུང་ལྟར་ན། ཉིན་གྲངས་བཅུ་རིང་རྒྱལ་ས་ཀོ་ལོམ་པོ་ཙམ་མ་ཡིན་པར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་བཅགས་གནང་ཡུལ་དང་། རིང་སྲེལ་བཞུགས་ཡུལ། གཞན་ཡང་ནང་པའི་གནས་ཆེན་ཁག་ཅིག་ལ་རིམ་པས་ཕེབས་རྒྱུ་མ་ཟད་ཡུལ་དེའི་ནང་པའི་ཆོས་རྒྱུད་ཁག་དང་དགེ་འདུན་པ་ཚོར་ནང་པའི་ལྟ་གྲུབ་དང་ལྷག་པར་དུ་ཐེག་པ་ཆེན་པོའི་འདུལ་བའི་སྐོར་སོགས་བཀའ་བསྡུར་སྦྱང་བཤད་གནང་རྒྱུ་སོགས་ཀྱི་མཛད་འཆར་སྐྱོང་འཆར་ཡོད་འདུག
གཙོ་བོ་ཁུལ་དེའི་ནང་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིང་སྲེལ་དང་ཞབས་བཅགས་ཡུལ་གྱི་གནས་ཆེན་ཁག་ཅིག་ལ་གནས་གཟིགས་ཕེབས་རྒྱུ་དང་། བླ་ཆེན་ཁག་དང་དགེ་འདུན་པ་ཚོ་མཇལ་འཕྲད་གནང་རྒྱུ་སོགས་ཉིན་གྲངས་བཅུའི་རིང་བཞུགས་ཞག་གནང་རྒྱུ་ཡིན་ལུགས་གསུངས་ཀྱི་འདུག
ཤྲཱི་ལངྐའི་ཡུལ་དེའི་ཆོས་ལུགས་གཙོ་བོ་ནང་པ་ཡིན་པ་དང་། དེ་སྔ་སྤྱི་ནོར་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་ཡུལ་དེའི་ནང་གདན་འདྲེན་ཞུས་ཡོད་ཀྱང་། ཤྲཱི་ལངྐའི་སྲིད་གཞུང་དང་རྒྱ་ནག་གཉིས་འབྲེལ་བ་ཆེན་པོ་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གི་ཤྲཱི་ལངྐར་དཔལ་འབྱོར་གྱི་མཐུན་འགྱུར་ཡག་པོ་བྱེད་ཀྱི་ཡོད་པའི་ཆ་ནས་གནོན་ཤུགས་འོག་ད་བར་གདན་འདྲེན་ཞུ་ཐུབ་མེད་པ་རེད། འོན་ཀྱང་ཉེ་ཆར་དྲ་ལམ་བརྒྱུད་༧གོང་ས་མཆོག་ལ་གསུང་ཆོས་གསོལ་འདེབས་ཞུས་དོན་ལྟར་བསྩལ་གནང་ཡོད་པ་རེད།།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།