གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཨོ་སེ་ཀྲེ་ལི་ཡར་ཕེབས་རྒྱུ།
2016.04.14
སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཨོ་སེ་ཀྲེ་ལི་ཡའི་གྲོང་ཁྱེར་Brisbane་ནང་བོད་ཀྱི་དུས་སྟོན་མཛད་སྒོའི་སྐུ་མགྲོན་དང་ཁུལ་དེར་ཆོས་འབྲེལ་སྐྱོང་བར་ཕེབས་འཆར་ཡོད་འདུག
དེ་ཡང་སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཟླ་བ་འདིའི་ཚེས་༡༨་ནས་ཚེས་༢༤་བར་ཨོ་སེ་ཀྲེ་ལི་ཡའི་གྲོང་ཁྱེར་Brisbane་ནང་ཚོགས་རྒྱུའི་བོད་ཀྱི་དུས་སྟོན་གྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་དུ་གདན་ཞུས་ལྟར་ཕེབས་རྒྱུ་ཡིན་འདུག གོང་ཞུས་དུས་སྟོན་ནས་འདུ་འགོད་བྱུང་བའི་ཡོང་བབས་རྣམས་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ཚོའི་སློབ་སྦྱོང་ཆེད་འགྲོ་གྲོན་གཏོང་རྒྱུར་དམིགས་པ་ཞིག་ཡིན་འདུག
ཡང་གོང་ཞུས་གནས་ཚུལ་ནང་བཀོད་པར་ལྟར་ན། གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཕྱི་ཟླ་བཞི་པའི་ཚེས་༡༨་ནས་ཕྱི་ཟླ་ལྔ་པའི་ཚེས་༡་བར་ཨོ་སེ་ཀྲེ་ལི་ཡའི་གྲོང་ཁྱེར་བྷི་རི་སེ་བྷན་དང་། སིདྲ་ནི་སོགས་ཀྱི་ནང་ཆོས་འབྲེལ་དང་བོད་མི་ཚོར་བཀའ་སློབ་གནང་རྒྱུའི་མཛད་འཆར་ཡོད་འདུག
དེ་ཡང་འདི་ཚེས་༢༣་ཉིན་བྷི་རི་སི་བྷན་གྱི་མང་ཚོགས་ལ་སྐྱེ་བ་ཕྱི་མའི་སྐོར་གྱི་བརྗོད་གཞིའི་ཐོག་གསུང་བཤད་དང་། ཚེས་༢༥་ཉིན་ཤེས་རབ་སྙིང་པོ་དང་། བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་གནང་རྒྱུ་ཡིན་འདུག
དེ་ནས་ཕྱི་ཟླ་བཞི་པའི་ཚེས་༢༨་ཉིན་ཨོ་སེ་ཀྲེ་ལི་ཡའི་གྲོང་ཁྱེར་སིདྲ་ནི་ཁུལ་གྱི་བོད་མི་ཚོར་ཆོས་འབྲེལ་དང་བཀའ་སློབ་གནང་རྒྱུ་། དེ་བཞིན་སྤྱན་རས་གཟིགས་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་གསུང་ཆོས་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཨོ་སེ་ཀྲེ་ལི་ཡའི་རྒྱལ་ཁབ་ནང་ཆོས་འབྲེལ་གྱི་མཛད་འཕྲིན་སྐྱོང་གནང་རྒྱུ་ད་རེས་ཐོག་མ་དེ་ཆགས་གནང་གི་ཡོད་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།