མོན་ཡུལ་གྱི་བརྟན་བཞུགས་བསྟར་འབུལ་གནང་མཁན་ཚོར་༸གོང་ས་མཆོག་གིས་“མོན་པ་གཞིས་བྱེས་མི་མང་ཚང་མ་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་བཟུང་སྟེ་འཕྲལ་ཡུན་གྱི་འདོད་དོན་བདེ་བླག་ཏུ་འགྲུབ་པའི་སྐྱབས་འཇུག་ཞུ་ཡི་ཡོད་”ཅེས་བཀའ་སྩལ་གནང་བ།
རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་མོན་ཡུལ་གྱི་མི་མང་སྤྱི་མགྲིན་ནས་གསོལ་འདེབས་ཞལ་བཞེས་གནང་སྟེ། མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཕྱི་ཟླ་ ༩ པའི་ཚེས་ ༧ ཉིན་བོད་མིའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་གནང་སྐབས། མགོན་པོ་༸གང་ཉིད་མཆོག་གིས་ལྗགས་རྩོམ་གནང་བ་སྤྱན་རས་གཟིགས་ཀྱི་བླ་མའི་རྣལ་འབྱོར་གྲུ་འཛིན་ཞིང་གི་ཐེམ་སྐས་ཀྱི་ལྗགས་ལུང་སྩལ་བ་དང་བསྟུན། ང་ཚོ་བོད་ནས་ཁ་བྲལ་ཏེ་བཙན་བྱོལ་བ་ཆགས་པ་དང་རྒྱ་གར་གྱི་ས་ཐོག་འདིར་འགྲོ་དོན་རྒྱ་ཆེ་ཐག་ཆོད་བྱས་ནས་བསྡད་པ་རེད། དེ་རིང་སྐབས་བབས་མོན་པ་ལྷ་སྡེ་མི་སྡེ་ཡོངས་ཆེད་དུ་བརྟན་བཞུགས་འབུལ་བར་བཅར་པ་རེད། ངོས་རང་དེ་སྔ་བོད་ནས་ཚུར་བསླེབས་ཏེ་མོན་གྱི་ས་ཟིན་མཚམས་མོན་པ་ཚོས་ཧ་ཅང་དད་པ་ཆེན་པོ་བྱས་ཏེ་ངོས་ཀྱི་ལྷམ་ལ་མགོ་གཏུག་གི་འདུག་པས་སེམས་འགུལ་ཐེབས་བྱུང་བ་དང་། ཁྱེད་ཚོ་གཞིས་བྱེས་ཚང་མ་སྤྱན་རས་གཟིགས་ཀྱི་རྗེས་སུ་བཟུང་སྟེ་འཕྲལ་ཡུན་གྱི་འདོད་དོན་བདེ་བླག་ཏུ་འགྲུབ་པའི་སྐྱབས་འཇུག་ཡོད་ཅེས་བཀའ་སྩལ་གནང་གི་འདུག
རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་གཙོས་པའི་སེར་སྐྱ་མི་མང་གཉིས་སྟོང་མ་ཟིན་ཙམ། མོན་ཡུལ་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་གནང་བར་ཆེད་དུ་བཅར་ཡོད་པས།མོན་རྟ་དབང་ནས་ཡིན་པ་ལེགས་སྐྱེས་མགོན་པོ་ལགས་ཀྱིས།བརྟན་བཞུགས་ཕུལ་གྲུབ་པ་དང་སོ་སོས་ལྷག་བསམ་རྣམ་དག་གིས་མགོན་པོ་གང་ཉིད་སྐུ་ཚེ་ཡུན་བརྟན་གྱི་གསོལ་འདེབས་སྨོན་ལམ་ཡག་པོ་གནང་རྒྱུ་བྱུང་བར།སེམས་ནང་དགའ་ཚོར་ཧ་ཅང་ཆེན་པོ་འདུག་ཅེས་འགྲེལ་བརྗོད་གནང་སོང་།
ཡང་མོན་ཡུལ་ནས་ཡིན་པ་ཚེ་རིང་སྒྲོལ་དཀར་ལགས་ནས་ཁོང་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཐུབ་པར་སེམས་ཧ་ཅང་སྐྱིད་པོ་དང་། སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
བརྟན་བཞུགས་གྲུབ་པ་དང་མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ཀྱིས་མཚོན་མོན་པ་རྣམས་ཀྱིས་གོ་སྒྲིག་གནང་སྟེ། བཞུགས་སྒར་ཐེག་ཆོས་གླིང་གཙུག་ཁང་དུ་༸གོང་ས་མཆོག་རྒྱ་གར་དུ་བདེ་འབྱོར་གྱིས་མི་ལོ་ ༦༥ འཁོར་བ་དང་། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མོན་ཡུལ་དུ་འཁྲུངས་ཏེ་ལོ་ངོ་ ༣༤༡ འཁོར་བ། ༸གོང་ས་མཆོག་དགུང་ལོ་དགུ་བཅུར་ཕེབས་པའི་གོ་སྟོན་བཅས་མཚོན་པའི་མཛད་སྒོ་ཞིག་གོ་སྒྲིག་གནང་བའི་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་སོགས་ཀྱིས་གསུང་བཤད་གནང་བ་དང་འབྲེལ། རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས། ༸གོང་ས་མཆོག་གིས་ང་ཚོའི་མི་ཚེར་སྙིང་པོ་ལེན་སྟངས་དང་འབྲེལ་བའི་བཀའ་སློབ་ཟབ་མོ་གནང་བ་རྣམས་རྗེས་འཇུག་གདུལ་བྱ་ཚོས་ལག་ལེན་གནང་ཐུབ་ན་བླ་མ་དགྱེས་པའི་མཆོད་པ་དང་སྐུ་ཚེའི་ཞབས་བརྟན་ཡིན་སྐོར་ལམ་སྟོན་གནང་གི་འདུག
ཁོང་གིས་༸གོང་ས་མཆོག་ཡུན་རིང་འཚོ་བཞུགས་ཀྱི་ཞལ་བཞེས་བཟང་པོ་གནང་ཡོད་ནའང་། རྗེས་འཇུག་གདུལ་བྱ་ཚོས་མགོན་པོ་གང་ཉིད་ཀྱིས་དུས་ནས་དུས་སུ་མི་ཚེ་དོན་ལྡན་སྐྱེལ་ཚུལ་གྱི་བཀའ་སློབ་ཕེབས་པ་རྣམས་ཉིན་རེའི་འཚོ་བའི་ནང་ལག་ལེན་དུ་འདེབས་རྒྱུ་གལ་ཆེ་དང་། ལ་དྭགས་དང་མོན་གྱིས་མཚོན་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་ཕལ་མོ་ཆེ་ནང་པ་ཡིན་པ་མ་ཟད། མགོན་པོ་མཆོག་རྩ་བའི་བླ་མར་བཀུར་མཁན་ཞེ་གཅིག་ཡིན་པས།ཁོང་གི་བཀའ་གསུང་ལག་ལེན་དུ་བསྟར་ཐུབ་ན་བླ་མ་དགྱེས་པའི་མཆོད་སྤྲིན་དང་། ༸སྐུའི་འཕྲོད་བཞེས་དང་སྐུ་ཚེའི་ཞབས་བརྟན་ལའང་ཕན་ཐོགས་ཡོད་པའི་མུར། ང་ཚོ་མོན་པ་ཙམ་མིན་པར་ནང་པ་ཡོངས་ལ་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་འགན་ཡོད་ཅེས་༸གོང་ས་མཆོག་གིས་བཀའ་ནན་ཡང་ཡང་ཕེབས་ཡོད་པ་དང་མཚུངས། ནང་པའི་ཆོས་ཚང་ལ་མ་ནོར་བ་བོད་ཡིག་ནང་ཡོད་པས་གཞོན་སྐྱེས་ཚོས་བོད་ཡིག་སློབ་སྦྱོང་གནང་དགོས་པའི་སྐུལ་མ་གནང་གི་འདུག
གཞན་ཡང་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཀྱང་། མོན་པ་ཚོར་༸གོང་ས་མཆོག་གིས་ཐུགས་བརྩིས་དང་བརྩེ་གཟིགས་ཀྱི་ཞལ་བཞེས་ཐོབ་པ་ནི་བསོད་ནམས་ཆེན་པོ་ཡིན་པས།མོན་པ་རྣམས་དང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་དབར་འབྲེལ་བ་བཟང་པོ་ཡོད་པ་དེ་བསྐལ་བ་ནམ་གནས་ཀྱི་བར་གནས་ཐུབ་པའི་ཐུགས་སྨོན་གནང་གི་འདུག
རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ངོས་ནས་བརྟན་བཞུགས་འདི་ཧ་ཅང་གལ་ཆེན་དུ་བརྩིས་ཏེ། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་དང་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འཐུས་མི་ར་པིར་དགའོ། ཨ་རུ་ན་ཅལ་མངའ་སྡེའི་ཤེས་རིག་བློན་ཆེན་པ་ཏ་མཚོ་སྣ། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བླ་མ་ངག་དབང་ནོར་བུ་སོགས་ཕེབས་པའི་ཐོག་མོན་ཡུལ་གྱི་སེར་སྐྱ་མི་མང་ཉིས་སྟོང་བརྒལ་བ་བཞུགས་སྒར་ལ་ཆེད་དུ་བཅར་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།