ནེའུ་ཛི་ལེན་ཌིའི་སྲིད་བློན་མཆོག་གིས་རྒྱ་ནག་གི་སྲིད་བློན་དང་མཉམ་འགྲོ་བ་མིའི་ཐོབ་ཐང་གི་སྐོར་གླེང་འདུག
རྒྱ་ནག་གི་སྲིད་བློན་ནེའུ་ཛི་ལེན་ཌིའི་རྒྱལ་སར་འབྱོར་སྐབས་ཡུལ་དེའི་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་མི་ཁག་ཅིག་གིས་བོད་ཀྱི་རྒྱལ་དར་འཕྱར་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག
- 2024-06-13
-
-
-
སྤྱི་ཟླ་༦བའི་ཚེས་༡༣ཉིན་རྒྱ་ནག་གི་སྲིད་བློན་ལི་ཆང་(Li Qiang)་ནེའུ་ཛི་ལེན་ཌིའི་རྒྱལ་ས་(Wellington)་ནང་འབྱོར་སྐབས། རྒྱལ་སའི་ཁུལ་དུ་གནས་སྡོད་བོད་ཀྱི་གྲོགས་པོའམ་(Friends of Tibet)་ཞེས་པའི་ཚོགས་པའི་ངོས་ནས། རྒྱ་ནག་གི་སྲིད་བློན་ཕེབས་ལམ་གཡས་གཡོན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག་ཅིང་། ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་དང་བོད་ཀྱི་གྲོགས་པོ་ཞེས་པའི་ཚོགས་པའི་ཚོགས་མི་ཡིན་པ་(Robin Greenberg)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ནེའུ་ཛི་ལེན་ཌི་རྒྱལ་སའི་ཁུལ་དུ་བོད་རིགས་གནས་སྡོད་མཁན་མེད་སྟབས། ད་རེས་གོ་སྐབས་བཟུང་ནས་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་མི་ཚོས་བོད་དོན་ཆེད་ལས་འགུལ་སྤེལ་རྒྱུ་བྱུང་བ་ཧ་ཅང་གི་དགའ་ཚོར་ཆེན་པོ་བྱུང་། ཞེས་དང་། གྲངས་འབོར་གྱི་ཆ་ནས་ང་ཚོ་མི་བཞི་ཡོད་པ་ནི་ཧ་ཅང་གི་ཉུང་ཉུང་ཡིན་ཡང་། རྒྱ་ནག་གི་སྲིད་བློན་ཕེབས་སྐབས་ང་ཚོས་ནུས་པ་གང་ལྕོགས་ཀྱིས། ང་ཚོའི་ལས་འགུལ་དེ་མངོན་གསལ་དོད་པོ་ཞིག་ཆགས་ཐུབ་པ་བྱུང་སོང་། ངས་བསམ་ན་རྒྱ་ནག་གི་སྲིད་བློན་ནས་ང་ཚོས་བོད་ཀྱི་རྒྱལ་དར་འཕྱར་བཞིན་པ་དེ་མཐོང་ཡོད་པ་རེད་ཞེས་འགྲེལ་བརྗོད་གནང་བྱུང་།
ནེའུ་ཛི་ལེན་ཌིའི་རྒྱལ་ས་(Wellington)་ནང་རྟེན་གཞི་བྱས་པ་(Friends of Tibet)་ཞེས་པ་དེ་ནི་འདས་པོ་ཐུབ་བསྟན་སྐལ་བཟང་ལགས་ཀྱི་སྣེ་ཁྲིད་འོག་དབུ་འཛུགས་གནང་བ་ཞིག་ཡིན་འདུག་ཅིང་། ཚོགས་པ་དེར་ད་ལྟའི་ཆར་ཚོགས་མི་ཉུང་ཤས་ལས་མེད་ཀྱང་། བོད་དོན་སྐོར་གོ་སྐབས་ནམ་བྱུང་ལ་ནེའུ་ཛི་ལེན་ཌིའི་མི་མང་ཁྲོད་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་ཅེས་རོ་སྦིན་གྷི་རིན་སྦག་ལགས་ཀྱིས་གསུངས་བྱུང་།
གཞི་རྩའི་རྒྱ་ནག་གི་སྲིད་བློན་ལི་ཆང་ནེའུ་ཛི་ལེན་ཌི་ཕུད་རིམ་པས་ཨོསི་ཊརེ་ལི་ཡ་(Australia)་དང་། མ་ལེ་ཤེ་ཡའི་ནང་འགྲོ་རྒྱུ་གཏན་འཁེལ་འདུག་ཅིང་། ས་གནས་དེ་གཉིས་ནང་འགྲོ་རྒྱུ་དེ་བཞིན་འདས་པའི་ལོ་བདུན་གྱི་ནང་རྒྱ་ནག་གི་སྲིད་བློན་ཞིག་ཡུལ་དེར་བསྐྱོད་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད། ད་རེས་ནེའུ་ཛི་ལེན་ཌིའི་ནང་ཡོང་དོན་གཙོ་བོ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སླར་གསོ་དང་དམ་ཟབ་ཡོང་ཆེད་ཡིན་པ་གནད་དོན་དབྱེ་ཞིབ་ཚོས་འགྲེལ་བརྗོད་གནང་གི་འདུག་ཀྱང་། བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་མི་རོ་སྦིན་གྷི་རིན་སྦག་ལགས་ཀྱིས་གསུངས་ན། རྒྱལ་ཁབ་གཉིས་ཀྱི་ཚོང་དོན་སྐོར་སྔར་ལྷག་འབྲེལ་བ་དམ་ཟབ་དང་ཡར་རྒྱས་ཆེན་པོ་ཕྱིན་ཡོད། འོན་ཀྱང་། ང་ཚོས་ཚོང་དོན་ཁོ་ནར་དམིགས་པ་མ་ཡིན་པར་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐད་བསམ་བློ་གཏོང་དགོས་ཀྱི་རེད་བསམ་གྱི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གི་སྲིད་བློན་ལི་ཆང་དང་ནེའུ་ཛི་ལེན་ཌིའི་སྲིད་བློན་(Christopher Luxon)་གཉིས་འདི་ཚེས་༡༣ཉིན་མཇལ་མོལ་གནང་བའི་རྗེས། ནེའུ་ཛི་ལེན་ཌིའི་སྲིད་བློན་མཆོག་གིས་དེ་འབྲེལ་གྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ནེའུ་ཛི་ལེན་ཌི་དང་རྒྱ་ནག་གཉིས་བར་ད་རེས་ཚོང་འབྲེལ་དང་མ་རྩ་འཛུགས་ཕྱོགས། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་སྐོར་གྲོས་མཐུན་གྱི་མིང་རྟགས་བཀོད་ཡོད་པ་དང་། གྲོས་གཞིའི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ཡང་ཚུད་ཡོད་ལ། མ་ཟད་སྲིད་བློན་ལི་ཆང་དང་མཉམ་དུ་ནེའུ་ཛི་ལེན་ཌིའི་མི་མང་ལ་གལ་གནད་ཆེ་བའི་གནད་དོན་མང་པོ་ཞིག་གི་ཐད་གླེང་མོལ་སྐབས། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་རིན་ཐང་། ཕྱི་ཕྱོགས་ཀྱི་ཐེ་བྱུས་སོགས་ཀྱི་ཐད་གླེང་ཡོད་པ་གསལ་སྟོན་གནང་འདུག
གསར་འགོད་པ། ཡེ་ཤེས་ཟླ་བ། ཀླུ་འབུམ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།