ཨ་རྒྱ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་བཟང་ཕྱོགས་སུ་བསྐྱོད་རྒྱུ་ཡིན།
2016.09.21
ཨ་རིའི་སྲིད་འཛིན་སུ་ཐོབ་ཡང་ཕྱོགས་གཉིས་ཀྱི་འབྲེལ་བ་བཟང་ཕྱོགས་སུ་མུ་མཐུད་དུ་བསྐྱོད་རྒྱུ་ཡིན་ལུགས་རྒྱ་ནག་གི་སྲིད་བློན་གྱིས་གསུངས་འདུག
ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་འོས་མི་སུ་ཞིག་ལ་རྒྱལ་ཁ་ཐོབ་མིན་ལ་མ་བལྟོས་བར་རྒྱ་ནག་དང་ཨ་རི་གཉིས་ཀྱི་འབྲེལ་བ་བཟང་པོའི་ཁ་ཕྱོགས་སུ་མུ་མཐུད་དུ་བསྐྱོད་རྒྱུ་ཡིན་ལུགས་རྒྱ་ནག་གི་སྲིད་བློན་Li Keqiang་གིས་བརྗོད་འདུག
དེ་ཡང་རྒྱ་ནག་གི་སྲིད་བློན་ལེ་ཁེ་ཆིང་Li Keqiang་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཚོགས་བཞིན་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དུ་ཚོགས་བཅར་ཞུས་ཡོད་པ་དང་། ཚེས་༢༠ཉིན། རྒྱ་ནག་གི་སྲིད་བློན་མཆོག་གིས་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱེད་པའི་དཔལ་འབྱོར་གྱི་གླེང་སྟེགས་ཤིག་གི་སར་གཏམ་བཤད་བྱས་འདུག ཁོང་གིས་རིང་མིན་ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་། འོས་མི་སུ་ཞིག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་མིན་ལ་མ་བལྟོས་བར་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་མུ་མཐུད་མདུནབསྐྱོད་འགྲོ་རྒྱུ་དང་། དེ་ཡང་བཟང་ཕྱོགས་ཀྱི་ཁ་ཕྱོགས་སུ་འགྲོ་རྒྱུའི་ཡིས་ཆེས་ཡོད་ཅེས་གསུངས་འདུག
ཚོང་འབྲེལ་གྱི་ཐད་ནས་ཨ་རི་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་གི་ཚོང་དོན་ཁེ་ལས་ཚོས་རྒྱ་ནག་གི་ཁྲོམ་རའི་ནང་གུ་ཡངས་ཚོང་ལས་གཉེར་རྒྱུར་རྒྱ་ནག་གཞུང་གི་སྲིད་ཇུས་ཀྱི་རྐྱེན་པས་འགོག་རྐྱེན་ཇེ་མང་འཕྲད་བཞིན་ཡོད་པར་སྐྱོན་བརྗོད་བྱེད་བཞིན་ཡོད་སྟབས། ཚེས་༢༠་ཉིན་རྒྱ་ནག་གི་སྲིད་བློན་Li Keqiang་གིས། ཕྱི་ཕྱོགས་ཀྱི་ཚོང་དོན་ཁེ་ལས་ཚོས་རྒྱ་ནག་ནང་ཚོང་འབྲེལ་གྱི་མ་རྩ་འཛུགས་རྒྱུ་ལ་སོགས་པའི་ཚོང་འབྲེལ་སྟབས་བདེ་བཟོ་ཆེད་ཁྲོམ་རའི་སྒོ་མོ་རྒྱ་ཆེར་གཏོང་རྒྱུ་དང་། དེ་བཞིན་རྒྱ་ནག་གི་ཤོག་སྒོར་གྱི་འཛའ་ཐང་གཅོག་རྒྱུ་མིན་ལུགས་གསལ་འདོན་གནང་འདུག
ཨ་རིའི་ནང་དེང་སྐབས་སྲིད་འཛིན་འོས་བསྡུའི་འགྲན་རྩོད་འགྲོ་བཞིན་པའི་ཁྲོད་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཧེ་ལེར་རེ་Hillary Clinton་དང་། སྤྱི་མཐུན་ཚོགས་པའི་འོས་མི་ཁྲམ་Donald Trump་གཉིས་ཀའི་ཕྱོགས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་མཚོ་གླིང་བདག་བཟུང་བྱེད་པའི་སྲིད་ཇུས་ལ་སྐྱོན་བརྗོད་དྲག་པོ་བྱས་པ་མ་ཟད། སྤྱི་མཐུན་ཚོགས་པའི་འོས་མི་Donald Trump་གིས་རྒྱ་ནག་དང་ཨ་རི་གཉིས་དབར་དོ་མཉམ་ལྡན་པའི་ཚོང་འབྲེལ་འབྱུང་ཐབས་སླད་ཨ་རིས་ལངས་ཕྱོགས་མཁྲེགས་རུ་གཏོང་རྒྱུ་མ་ཟད། རྒྱ་ནག་ནས་ཕྱིར་གཏོང་བྱས་པའི་བཅའ་དངོས་རིགས་ལ་དཔྱ་ཁྲལ་སྤར་རྒྱུའི་ཉེན་བརྡ་གཏོང་བཞིན་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།