རྒྱ་ནག་གཞུང་གིས་དགའ་ལྡན་ལྔ་མཆོད་ཉིན་རྒྱལ་ས་ལྷ་ས་ཁུལ་དུ་དམ་དྲག་ཞིབ་བཤེར་ཤུགས་ཆེར་བྱས་ཡོད་འདུག

2023.12.08
རྒྱ་ནག་གཞུང་གིས་དགའ་ལྡན་ལྔ་མཆོད་ཉིན་རྒྱལ་ས་ལྷ་ས་ཁུལ་དུ་དམ་དྲག་ཞིབ་བཤེར་ཤུགས་ཆེར་བྱས་ཡོད་འདུག བོད་ནང་དགའ་ལྡན་ལྔ་མཆོད་དང་བསྟུན། ལྷ་ས་ཁུལ་དུ་རྒྱ་ནག་གཞུང་གིས་བོད་མི་ཚོར་གཙུག་ལག་ཁང་དང་ཕོ་བྲང་པོ་ཏ་ལ་སོགས་སུ་མཆོད་མཇལ་བྱེད་མ་བཅུག་པར་མི་མང་བཙན་ཐབས་ཀྱིས་བཀག་འགོག་བྱས་ཡོད་པ། ༧།༡༢།༢༠༢༣
བོད་འབྱོར།

ཕྱི་ལོ་༢༠༢༣ཟླ་༡༢ཚེས་༧ཉིན། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དུས་མཆོད་དམ་བོད་ནང་དགའ་ལྡན་ལྔ་མཆོད་ཉིན་དང་བསྟུན། བོད་ཀྱི་རྒྱལ་ས་ཁུལ་དུ་རྒྱ་ནག་གཞུང་གིས་བོད་མི་ཚོར་གཙུག་ལག་ཁང་དང་ཕོ་བྲང་པོ་ཏ་ལ་སོགས་སུ་མཆོད་མཇལ་བྱེད་མ་བཅུག་པར་མི་མང་བཙན་ཐབས་ཀྱིས་བཀག་འགོག་བྱས་ཡོད་པ་མ་ཟད། ཁྲོམ་སྲང་ཁག་ཏུ་ཞིབ་བཤེར་ས་ཚིགས་མང་དག་ཅིག་ཆེད་འཛུགས་ཀྱིས་མཇལ་སྐོར་བ་ཚོར་ཞིབ་བཤེར་དང་། མི་མང་འདུ་འཛོམས་ཀྱི་མཁའ་དབྱིངས་སུ་མི་མེད་ལྟ་ཞིབ་མཉན་ཆས་ཆེད་གཏོང་གིས་ལྟ་རྟོག་དང། མི་མང་ཁྲོད་དྲག་ཆས་དམག་མི་དང་ཉེན་རྟོག་པ་སོགས་བཏང་སྟེ་བཙན་ཤེད་ཀྱིས་ས་གནས་གཅིག་ཏུ་མི་མང་འདུ་འཛོམས་བྱེད་མི་བཅུག་པ་སོགས་ཀྱི་དམ་དྲག་བྱས་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་བརྗོད་དོན་ལ། ལྷ་ལྡན་གཙུག་ལག་ཁང་དུ་མི་མང་མཆོད་མཇལ་ཆེད་གཏོང་མིན་གྱི་གསལ་བསྒྲགས་སོགས་གང་ཡང་མ་བྱས་པར་བཀག་འགོག་བྱས་སོང་ལ། གཙུག་ལག་ཁང་གི་ཐང་དཀྱིལ་ཚང་མ་ཉེན་རྟོག་པ་དང་དམག་གིས་སྐོར་ནས་ཡོད་པ་མ་ཟད། གཙུག་ལག་ཁང་གི་ཐོག་ཁར་དམག་མིས་མེ་མདའ་བཟུང་ནས་སྐོར་སྲུང་བྱས་ཡོད་པ་མཐོང་རྒྱུ་ཡོད་སྐོར་བརྗོད་བྱུང་ལ། ཡང་འབྲེལ་ཡོད་གཞན་ཞིག་ནས་ར་མོ་ཆེ་གཙུག་ལག་ཁང་གཙོས་ཉེ་འཁོར་དགོན་སྡེ་ཆུང་ཁག་ལ་མཆོད་མཇལ་གཏོང་གི་ཡོད་ན་ཡང་། མི་མང་འདུ་འཛོམས་བྱེད་མི་བཅུག་པར་ཉེན་རྟོག་པས་མི་མང་གི་བར་མཚམས་བཅད་ནས་ཉུང་ཙམ་བྱས་ཏེ་བཏང་བྱུང་ལ། དེ་མིན་ཁྲོམ་སྲང་ཁག་ཏུ་ཞིབ་བཤེར་ས་ཚིགས་ནས་ལུས་བཤེར་དང་ཁ་པར་སོགས་ནས་སྔོགས་བཤེར་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

བོད་ཟླ་༡༠ཚེས་༢༥་དགོང་མོ་བོད་ཀྱི་ས་ཁུལ་ཡོངས་ནས་དགའ་ལྡན་ལྔ་མཆོད་ཆེན་མོ་མི་མང་རང་བཞིན་གྱི་ངོས་ནས་གཞི་རྒྱ་ཆེན་པོས་སྲུང་བརྩི་གནང་ཡོད་པ་དང་། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཉེ་བའི་ཉིན་ཤས་ནས་བཟུང་དགའ་ལྡན་ལྔ་མཆོད་རིང་ལྷ་ས་གྲོང་ཁུལ་གྱི་འགྲིམ་འགྲུལ་ལམ་ཁག་ཅིག་བདེ་འཇགས་ཆེད་ཡིན་སྐོར་བརྗོད་ནས་བཀག་འགོག་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད་ལ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མདང་ནུབ་ལྷ་སའི་གཙུག་ལག་ཁང་དུ་མི་མང་བཀག་འགོག་དང་ཉེན་རྟོག་པ་དང་དྲག་ཆས་དམག་མིས་སྐོར་ཡོད་པའི་བརྙན་ཁག་ཅིག་འབྱོར་བའི་ནང་། ཉེན་རྟོག་པ་ཚོས་མི་མང་ལ་འདུ་འཛོམས་ཁྲོད་གློག་འོད་ཆེན་པོ་ཞིག་སྦར་བཞིན། འདུ་འཛོམས་བྱེད་མི་ཆོག་པར་ཐད་གར་ལམ་ཁ་བརྒྱུད་འགྲོ་དགོས་པའི་བཙན་བཀའ་གཏོང་བཞིན་པ་མཐོང་རྒྱུ་འདུག

དགའ་ལྡན་ལྔ་མཆོད་ནི་རྗེ་ཙོང་ཁ་པ་ཆེན་པོ་མཆོག་རབ་བྱུང་བདུན་པའི་ས་ཕག་ལོ་སྟེ་སྤྱི་ལོ༡༤༡༩ཟླ་༡༠ཚེས་༢༥ཉིན་དང་། དགུང་གྲངས་༦༣་པའི་སྟེང་དགོངས་པ་རྫོགས་རྗེས་ཀྱི་ལོ་རྗེས་མ་ཕྱི་ལོ༡༤༢༠་ལོའི་ཉིན་མོ་དེ་རང་ལ་དགའ་ལྡན་དགོན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་མེད་གསུམ་དང་། ཀྱེ་རྡོར། དུས་འཁོར། ཚེ་དཔག་མེད། ཀུན་རིགས་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་དང་དགོངས་རྫོགས་རྒྱ་ཆེ་སྨིན་སྒྲུབ་མཛད་པ་དང་མཉམ་དུ། ཆོས་རྗེ་ཤཱཀྱ་ཡེ་ཤེས་གདན་དྲངས་ཏེ་དགེ་འདུན་མང་པོས་ཆོས་ཀྱི་མཆོད་འབུལ་རྒྱ་ཆེར་མཛད་ནས་རྗེ་བདག་ཉིད་ཆེན་པོར་རྗེས་དྲན་མཛད་པ་ནས་བཟུང་། དེང་སང་གི་བར་དུ་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་བོད་ཡུལ་ཆོལ་ཁ་གསུམ་དུ་དད་ལྡན་མང་ཚོགས་ཀྱིས་མཆོད་པ་འབུལ་བ་དང་། ཕྱག་འཚལ་བ། སྨྱུང་གནས་སྲུང་བ། དམིགས་བརྩེ་མ་ཟློ་བ། དཀར་བའི་ལས་བགྱི་བ་སོགས་ཆོས་ཀྱི་ཆོ་ག་རྒྱ་ཆེན་པོའི་སྒོ་ནས་རྗེས་དྲན་ཞུ་བའི་སྲོལ་དེ་བྱུང་ཡོད་པ་རེད།

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎