ས་གནས་ཁག་མང་པོར་དགུ་བའི་ཉེར་བདུན་གྱི་ཞི་རྒོལ་དྲན་གསོ་དང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག

བོད་ཀྱི་རྒྱལ་ས་ལྷ་སར་༡༩༨༧་ལོར་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཚོས་སྣེ་ཁྲིད་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ནས་མི་ལོ་སོ་བཞི་སོང་བའི་དགུ་བའི་ཉེར་བདུན་ལ་དྲན་གསོ་དང་མཉམ་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་།

ནེའུ་ཡོག་ཏུ་བོད་མི་ཚོས་ལས་འགུལ་སྐབས། ༩།༢༧།༢༡ བློ་བཟང་ཆོས་འཕེལ།/RFA

སྤྱི་ལོ་༡༩༨༧་ལོའི་ཟླ་བ་༩་པའི་ཚེས་༢༧་ཉིན། བོད་ཀྱི་རྒྱལ་ས་ལྷ་སར་འབྲས་སྤུངས་དགོན་པའི་དགེ་འདུན་པ་༢༡་གིས་སྣེ་ཁྲིད་ནས། བོད་མི་ཚོས་བོད་ལ་རང་དབང་རང་བཙན་དགོས་པའི་སྐད་འབོད་དང་བཅས་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་བ་ནས་བཟུང་། རིམ་བཞིན་རྒྱ་ནག་གི་དར་དམར་འོག་འཚར་ལོངས་བྱུང་བའི་བོད་ཀྱི་མི་རབས་གསར་པ་ཚོས། རྒྱུན་ཆད་མེད་པར་བོད་ནང་རྒྱ་ནག་གཞུང་ལ་ཞི་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་ཡོད་པ་པ་རེད། བཙན་བྱོལ་ནང་བཞུགས་སྒར་དུ་རྟེན་གཞི་བྱས་པ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས། འདི་ཚེས་༢༧་ཉིན་ལས་འགུལ་དེ་བྱུང་ནས་ལོ་༣༤་འཁོར་བའི་དུས་དྲན་སྲུང་བརྩི་གནང་སྐབས། དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་ངག་དབང་ཁྲི་རལ་ལགས་ནས། དགུ་བའི་ཉེར་བདུན་ནི་བོད་མིའི་རང་དབང་འཐབ་རྩོད་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ཆགས་ཡོད་ལ། བོད་མི་ཚོས་རྒྱ་ནག་གི་སྟངས་འཛིན་འོག་སྡོད་མ་བཟོད་པར་ཞི་རྒོལ་བྱས་བ་ཡིན་པས། བོད་ནང་དཀའ་ངལ་ཡོད་པའི་དཔང་རྟགས་གལ་ཆེན་ཞིག་ཡིན་ཅེས་གསུངས་སོང་།
བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས་ཀྱིས་གསུངས་ན། ཉིན་དེར་དགེ་འདུན་པ་༢༡་དང་མི་སྐྱ་ཕོ་མོ་གསུམ་བཅས་འཛིན་བཟུང་བྱས་ཡོད་པ་དང་། ལས་འགུལ་དེས་བོད་མིའི་རྩ་དོན་འཐབ་རྩོད་དང་མི་རིགས་ཀྱི་ངོ་བོ་སོགས་འཛིན་རྒྱུར་གྲུབ་འབྲས་སྨིན་ཡོད་པར་ངོས་འཛིན་གནང་གི་འདུག
དེ་བཞིན་ཉིན་དེར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་ཉུང་བ་འཛོམས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། ལས་འགུལ་གོ་སྒྲིག་པ་ནེའུ་ཡོག་དང་ནེའུ་ཇར་སེ་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་བཀྲ་ཤིས་ལམ་བཟང་ལགས་ཀྱིས། མི་ལོ་སོ་བཞིའི་གོང་བོད་ཀྱི་རྒྱལ་ས་ལྷ་སར་བྱུང་བའི་དགུ་བའི་ཉེར་བདུན་གྱི་ཞི་རྒོལ་ཆེན་མོ་དེ་ནི། བོད་ཀྱི་ལོ་རྒྱུས་ཁྲོད་གལ་འགངས་ཆེ་བའི་ཉིན་མོ་ཞིག་ཡིན་པ་དང་། ང་ཚོས་འདིར་རྒྱ་ནག་གཞུང་ལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་བ་དང་། རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས། བོད་ནང་དྲག་གནོན་དམར་གསོད་མཚམས་འཇོག་དགོས་བའི་འབོད་སྐུལ་བྱེད་ཀྱི་ཡོད་ཞེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བློ་བྷེ། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org