རྒྱ་ནག་གཞུང་གིས་ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་སློབ་གྲྭའི་སློབ་ཕྲུག་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་གཏོང་བཞིན་འདུག

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༧ ནང་རྒྱ་ནག་གཞུང་གིས་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གྲྭའི་སློབ་མ་ཚོར། རྒྱ་ནག་གཞུང་འབྲེལ་གྱིས་གཏན་འབེབ་བྱས་པའི་འོས་འགན་སློབ་གསོ་མྱོང་དགོས་སྐོར་བརྗོད་ནས། སློབ་གྲྭ་དེའི་ལོ་ན་ ༦ ནས་ ༡༤ བར་གྱི་སློབ་ཕྲུག་ ༣༠༠ ལྷག་བཙན་ཐབས་ཀྱིས་མཛོད་དགེ་རྫོང་གི་གཞུང་གཉེར་སློབ་གྲྭ་ཁག་ཏུ་བཏང་ཡོད་པ་དང་། ད་ལྟའི་ཆར་སློབ་ཕྲུག་གི་ཁྱིམ་བདག་ཚོར་བུ་ཕྲུག་གཞུང་གཉེར་སློབ་གྲྭར་སྐྱེལ་ནས་འོས་འགན་སློབ་གསོ་མྱོང་བཅུག་པ་ལས། བུ་ཕྲུག་ནར་མ་སོན་བར་དུ་དགོན་པར་གཏོང་མི་ཆོག་པའི་ཁས་ལེན་ཡི་གེ་འབྲི་བཅུག་སྟེ་མཚན་རྟགས་བསྐྱོན་བཅུག་པ་སོགས་བྱེད་བཞིན་ཡོད་པ་དང། རྫོང་ཐོག་ཏུ་ཡོད་པའི་སློབ་གྲྭ་ཁག་གུང་སེང་གིས་ཚོགས་རན་པའི་དུས་ཚོད་མིན་ན་ཡང་། ཀིརྟི་དགོན་པའི་སློབ་ཕྲུག་ཚོ་བཙན་ཐབས་ཀྱིས་རྫོང་གི་སློབ་གྲྭ་ཁག་ནང་ཚོགས་བཅུག་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་སློབ་གྲྭ་དེ་བཞིན་འདི་ལོའི་ཕྱི་ཟླ་ ༥ ནང་དགོན་པའི་གུང་སེང་བཏང་རྗེས། སློབ་གྲྭ་ཕྱིར་ཚོགས་མ་བཅུག་པར་བཀག་བསྡོམས་འོག་བཞག་ཡོད་པ་རེད་ལ། སློབ་ཕྲུག་དང་ཁྱིམ་བདག་སོགས་ཀྱི་ངོས་ནས་ཁོ་ཚོའི་འདོད་མོས་བཞིན་སློབ་གྲྭར་ཡོང་བ་ལས། དགོན་པས་བཙན་ཐབས་ཀྱིས་བསྡུས་པ་ལྟ་བུ་མིན་པས་རྒྱ་ནག་གི་ཁྲིམས་དང་འགལ་བ་གང་ཡང་བྱུང་མེད་པའི་རེ་སྐུལ་ཞུས་ཀྱང་། རྒྱ་ནག་གཞུང་ངོས་ནས་ཕ་མ་ཚོས་སློབ་ཕྲུག་གི་ཀླད་པ་དཀྲུག་ཡོད་སྐོར་བརྗོད་ནས་ངོས་ལེན་བྱས་མེད་པ་དང་། གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། ད་ལྟའི་ཆར་སློབ་གྲྭ་རྩ་ནས་སྒོ་བརྒྱབ་མེད་པར་ལོ་ན་ ༡༥ ནས་ ༡༨ བར་ཡིན་པའི་སློབ་ཕྲུག་ ༢༠༠ ཙམ་འཚོག་བཞིན་ཡོད་ན་ཡང་། འདི་ལོའི་ཕྱི་ཟླ་ ༩ བར་སློབ་གྲྭ་རྩ་ནས་ཚོགས་བཅུག་མི་ཆོག་པའི་ཐབས་ཤེས་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་དགོན་པ་དང་གྲྭ་བ་ཚོར་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་མ་ཟད། ལྷག་པར་སློབ་ཕྲུག་གི་ཁྱིམ་བདག་ཚོར་ཐབས་ལམ་སྣ་ཚོགས་བརྒྱུད་ནས་སུན་གཙེར་བཟོ་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་རྒྱ་ནག་གཞུང་ངོས་ནས་སློབ་ཞུགས་གསལ་བཤད་བརྡ་སྦྱོར་ཞེས་པའི་ཡིག་ཆ་ཞིག་སྤྲད་དེ། ཁས་ལེན་མཚན་རྟགས་བསྐྱོན་བཅུག་བཞིན་པ་ཞིག་ལག་སོན་བྱུང་བའི་ནང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མི་ལ་སྲུང་སྐྱོང་གི་བཅའ་ཁྲིམས་ཀྱི་ནང་ཚན་ ༡༦ པའི་གཏན་འབེབས་ལྟར་ཡིན་སྐོར་བརྗོད་ནས། ཕ་མ་དང་ཁྱིམ་བདག་ཚོས་བཅའ་ཁྲིམས་ལྟར་འགན་འཁུར་ནས་བུ་ཕྲུག་གི་སློབ་གསོ་མྱོང་པའི་ཁེ་དབང་ལ་འགན་སྲུང་བྱ་དགོས། སློབ་ཞུགས་གསལ་བཤད་བརྡ་ཐོ་འདི་འབྱོར་རྗེས་ནར་མ་སོན་པའི་བུ་ཕྲུག་རྣམས་སློབ་གྲྭར་བསྐྱལ་རྒྱུར་གྲྭ་སྒྲིག་བྱ་དགོས། ༢༠༢༤ ལོའི་ཟླ་ ༩ པའི་སློབ་འགོ་ཚུགས་དུས་ངེས་པར་དུ་བུ་ཕྲུག་རྣམ་སློབ་གྲྭར་བསྐྱལ་ནས་འགན་བབས་སློབ་གསོ་དང་ལེན་བྱ་རུ་བཅུག་དགོས་པ་སོགས་བརྗོད་པའི་ཡིག་ཆ་ཞིག་འགྲེམས་སྤེལ་གྱིས་མཚན་རྟགས་བསྐྱོན་བཅུག་གི་ཡོད་འདུག
མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཕྱི་ལོ་ ༡༩༨༦ ལོ་ནས་བཟུང་ལོ་ཆུང་གྲྭ་གཞོན་ཚོར་ཆེད་དམིགས་ཀྱིས། གཞུང་ཆེན་ཁག་ལ་སློབ་གཉེར་མ་གནང་གོང་རིག་གནས་ཆེད་སྦྱོང་གི་སློབ་འཁྲིད་ཆེད་ཟུར་ཚོགས་ལྟ་བུ་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༩༣ ལོ་ནས་བཟུང་སྟག་ཚང་ལྷ་མོ་བོད་ཀྱི་རིག་གནས་སློབ་གྲྭ་ཞེས་ལོ་ཆུང་གྲྭ་བ་ཚོར་ཆེད་དམིགས་ཀྱིས་སློབ་གྲྭ་འགོ་བཙུགས་ཡོད་ན་ཡང་། ཕྱི་ལོ་ ༢༠༠༣ ལོར་རྒྱ་ནག་གཞུང་གིས་བཙན་ཐབས་ཀྱིས་སྒོ་བརྒྱབས་བཅུག་ཡོད་པ་དང་། ཕྱིས་སུ་བསྐྱར་དུ་སྟག་ཚང་ལྷ་མོ་ཀིརྟི་ནང་བསྟན་སྔོན་འགྲོའི་སློབ་གྲྭ་ཞེས་འཚོགས་བཅུག་ཡོད་ཀྱང་། ཕྱི་ལོ་ ༢༠༠༨ ལོའི་རྗེས་ནས་རྒྱ་ནག་གཞུང་གིས་ཀིརྟི་དགོན་ཁག་ལ་དམ་དྲག་གིས་སློབ་གཉེར་ཁང་དེར་སྔ་ཕྱིར་དཀའ་ཁག་རིམ་པར་འཕྲད་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།