༄༅༎ཉེ་སྔོན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་འཛམ་གླིང་ཡུ་གུར་ཚོགས་ཆེན་ཞེས་པའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་བཙན་གནོན་ལ་ཁ་གཏད་གཅོག་ཕྱིར་འཛམ་གླིང་ཁྱོན་ཡོངས་ཐོག་བོད་མི་དང་ཡུ་གུར་མི་རིགས་དབར་ལས་དོན་མཉམ་ལས་འབྱུང་ཐབས་ཐད་བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱབ་བསྐྱོར་དགོངས་བཞེས་ཡོང་རྒྱུའི་ཕྱག་བྲིས་ཕུལ་ཡོད་ལུགས་ཀྱི་གནས་ཚུལ་ཐོན་ཡོད་པ་དེ་དངོས་བདེན་མིན་པའི་སྐོར་སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་གསལ་བཤད་གནང་འདུག
དེ་རིང་རེས་གཟའ་ལྷག་པའི་ཉིན་གོ་ལོ་སྦལ་ཀྲའེམ་སེ་ཞེས་པའི་དབྱིན་ཡིག་ཐོག་རྒྱ་ནག་གི་གཞུང་འབྲེལ་གསར་ཤོག་གི་གནས་ཚུལ་ནང་འཛམ་གླིང་ཡུ་གུར་ཚོགས་ཆེན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱག་བྲིས་ཕུལ་བའི་གནས་ཚུལ་བཀོད་པ་དེ་དངོས་ལྡན་མིན་པ་དང་དེ་ཡང་གོལོ་སྦལ་ཀྲའེམ་སེ་གསར་ཤོག་ནས་གནད་དོན་འདིའི་ཐད་༸གོང་ས་མཆོག་གི་སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཞལ་པར་བརྒྱུད་བཅར་འདྲི་ཞུས་སྐབས་བསྟན་འཛིན་སྟག་ལྷ་ལགས་ཀྱིས་ཡུ་གུར་འཛམ་གླིང་ཚོགས་ཆེན་ཐོག་ནས་སྐུ་སྒེར་ལས་ཁུངས་ལ་འདི་ལྟ་བུའི་ཕྱག་བྲིས་གང་ཡང་འབྱོར་མ་བྱུང་ཞེས་གསལ་འདོན་གནང་ཡོད་སྐོར་བརྗོད་འདུག གནས་ཚུལ་ངོ་མ་ཇི་ཡིན་ལ་མ་ལྟོས་པར་གང་ལྟ་བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དང་རྣམ་པ་ཀུན་དུ་དྲག་ཟིང་གི་ལས་འགུལ་དོར་དགོས་པ་དང་རྒྱལ་སྤྱིའི་དཀའ་རྙོག་ཇི་འདྲ་ཞིག་རུང་ཞི་མོལ་གྱི་ལམ་ནས་སེལ་ཐབས་ཡོང་བའི་ཐུགས་རེ་གནང་པ་ཡོངས་གྲགས་ཡིན་ལ་ཉེ་སྔོན་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆི་དོན་རྐྱེན་ཐོག་ཚེ་སྲོག་ཤོར་བ་རྣམས་ལ་ཐུགས་སྨོན་དང་རྒྱ་ནག་གཞུང་ཕྱོགས་ནས་ཀྱང་བཟོད་ཡངས་གནང་དགོས་པའི་ནན་སྐུལ་གནང་ཡོད་པ་རེད། དེ་ཡང་༸གོང་ས་མཆོག་གིས་བར་ལམ་ཤར་ཏུར་ཀི་སི་ཐན་སྟེ་ཤིན་ཅང་ནང་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་ལྷག་པར་མི་མང་པོའི་ཚེ་སྲོག་ཤོར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བློ་འཚབ་དྲག་པོ་ཡོད།ངོས་ནས་རྒྱ་ནག་གི་དབང་འཛིན་པ་ཚོར་གནས་ཚུལ་བྱུང་རྐྱེན་འདི་ཐད་གདོང་ལེན་གནང་སྐབས་ཕན་ཚུན་གོ་ཤེས་དང་ཕུགས་བསམ་ལྡན་པའི་ཐོག་བཟོད་ཡངས་གནང་དགོས་པའི་ནན་སྐུལ་བྱ་རྒྱུ་ཡིན།དོན་རྐྱེན་འདིའི་ཁྲོད་ཚེ་སྲོག་ཤོར་བ་རྣམས་དང་ཁོང་ཚོའི་རྗེས་ཤུལ་ནང་མི་དེ་བཞིན་གནོད་འཚེ་ཕོག་པ་གཞན་དག་བཅས་ཀྱི་ཆེད་དུ་མཆོག་གསུམ་གསོལ་འདེབས་བྱ་རྒྱུ་བཅས་གསུངས་ཡོད་པ་རེད༎