སྲིད་སྐྱོང་མཆོག་གིས་རང་བཙན་རྩོད་ཀྱི་མེད་པ་ནན་བརྗོད་གནང་པ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཉེ་ཆར་དབྱིན་ཡུལ་ནང་འཚམས་གཟིགས་གནང་བའི་སྐབས་ཞི་བའི་ཐབས་ལམ་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཐད་རྒྱ་ནག་གཞུང་ལ་བརྡ་ལན་གྱི་འབོད་སྐུལ་གནང་ཡོད་ཅིང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་གིས་ཐབས་ལམ་སྣ་ཚོགས་ཐོག་ནས་བོད་ཀྱི་རིག་གནས་དང་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་པར་བརྟེན། བོད་དེ་བཞིན་རིམ་གྱིས་མེད་པར་འགྱུར་བཞིན་ཡོད་པ་གསུངས་པ་དང་། བོད་ནང་གི་བྱིས་པ་ཚོ་རྒྱ་ཡིག་དང་རྒྱ་ཞན་གཙོ་གྱུར་གྱིས་སློབ་ཁྲིད་བྱེད་ཡུལ་དུ་ངོས་འཛིན་བྱེད་བཞིན་པའི་གཏན་འཇགས་སློབ་གྲྭའི་ནང་གཏོང་བཅུག་པའི་གནས་སྟངས་ཐད་ཐུགས་སྣང་དང་སེམས་འཚབ་ཡོད་པ་ ཨིན་ཡུལ་ནང་རྟེན་གཞི་བྱས་པ་ SOAS China Institute བསྟི་གནས་ཁང་གི་ The China Project གྱི་ལས་འཆར་ལ་གསུངས་པ། རྒྱ་ནག་གི་ཉམས་ཞིབ་པ་ Duncan Bartlett གྱིས་རྩོམ་ཡིག་བྲིས་པའི་ནང་ལུང་འདྲེན་གྱིས་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གནས་ཚུལ་འདོན་བྱས་འདུག་ཅིང་། གཏན་འཇགས་སློབ་གྲྭའི་ནང་སློབ་ཕྲུག་ཚོར་རྒྱ་སྐད་ཐོག་ནས་སློབ་གཉེར་བྱེད་བཅུག་པ་མ་ཟད་། སློབ་མ་ཚོར་དམར་ཤོག་ཚོགས་པར་ལར་ཞན་བྱ་དགོས་པ་སོགས་ཆབ་སྲིད་སློབ་གསོ་སྤྲོད་ཀྱི་ཡོད་པ་གསུངས་འདུག་ལ། རྒྱ་ནག་གཞུང་གིས་བོད་མི་རྣམས་རྒྱ་མི་རིགས་ཅན་དུ་བསྒྱུར་བའི་སྲིད་བྱུས་རྣམས་ཕྲལ་དུ་འཚམས་འཇོག་དགོས་པ་འབོད་སྐུལ་གནང་པ་དང་། སྲིད་བྱུས་འདི་རིགས་ཀྱིས་བོད་ཀྱི་ལོ་རྒྱུས་ཀྱི་རྨང་གཞི་རྩ་མེད་བཟོ་ཉེན་ཡོད་པ་གསུངས་ཡོད་འདུག
The China Project གྱིས་སྲིད་སྐྱོང་མཆོག་ལ་རྒྱ་ནག་གཞུང་གི་སྲིད་བྱུས་ལངས་ཕྱོགས་དང་འདོད་ཕྱོགས། རྒྱ་ནག་གཞུང་གིས་བོད་ནང་མ་རྩ་འཛུགས་ཕྱོགས་སོགས་བོད་ཀྱི་གནས་སྟངས་ལ་འགྱུར་ལྡོག་རྐྱེན་གྱིས་བོད་ནང་དཔལ་འབྱོར་འཕེལ་རྒྱས་བཏང་ཡོད་ལུགས་བརྗོད་པ་ལུང་འདྲེན་གྱིས་བཀའ་དྲི་ཞུས་པར། སྲིད་སྐྱོང་མཆོག་གིས་བོད་ནང་དཔལ་འབྱོར་འཕེལ་རྒྱས་དང་འཛུགས་སྐྲུན་ལས་གཞི་སྤེལ་བ་སོགས་ནི་རྒྱ་ནག་རང་ཉིད་ཀྱི་དཔལ་འབྱོར་ཁེ་ཕན་ཆེད་ཡིན་པ་ལས་། བོད་མི་མང་གི་དངོས་ཡོད་ཀྱི་འདོད་འདུན་དང་མཐུན་གྱི་མེད་པ་ལན་འདེབས་གནང་བ་དང་། ཕྱོགས་མཚུངས་ད་ལྟ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་རང་བཙན་གྱི་འདོད་ཕྱོགས་མ་གླེང་པར་བོད་ནང་དོན་དངོས་དང་མཐུན་པའི་རང་སྐྱོང་ཞིག་སྐྲུན་ཐབས་བྱ་དགོས་ཤིང་། བོད་རྒྱ་ཕྱོགས་གཉིས་ཀའི་ཁེ་ཕན་ཆེད་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱ་དགོས་པ་དང་། ལོ་རྒྱུས་ཐོག་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཤིག་ཡིན་ཞིང་། ད་ལྟའི་གནས་སྟངས་ཐོག་ནས་བོད་ལ་དོན་དངོས་དང་མཐུན་པའི་རང་སྐྱོང་གི་གནས་བབ་སྐྲུན་རྒྱུ་གལ་འགངས་ཆེན་པོ་ཡིན་པ་གསུངས་ཡོད་འདུག
གསར་འགོད་པ། འཆི་མེད།|
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།