ལ་དྭགས་སྤང་གོང་འཁྱགས་རོམ་རྒྱང་རྒྱུགས་འགྲན་བསྡུར་ཁྲོད་བོད་མི་གཉིས་ཨང་རིམ་གསུམ་པ་སོན་འདུག
ཕྱི་ལོ་ ༢༠༢༣ ནས་ལ་དྭགས་བློ་སྟོབས་རྩེད་རིགས་ཐེབས་རྩ་ཚོགས་པས་ (Adventure Sports Foundation of Ladakh) འགོ་འཛུགས་ཞུས་པའི་ལ་དྭགས་དགུན་དུས་སུ་འཁྱགས་རོམ་རྒྱང་རྒྱུགས་འགྲན་བསྡུར་ཐེངས་གསུམ་པ་འདི་ལོའི་ཕྱི་ཟླ་ ༠༢ ཚེས་ ༢༤ ནས་ ༢༥ བར་འཚོགས་ཡོད་པ་དང་། སྐབས་དེར་ལ་རྒྱང་རྒྱུགས་ཀི་ལོ་མི་ཊར་ ༥༥ ཅན་དེར་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་གཞིས་མི་ན་གཞོན་བློ་བཟང་མཐར་ཕྱིན་ལགས་སུ་ཨང་རིམ་གསུམ་པ་དང་། རྒྱང་རྒྱུགས་ཀི་ལོ་མི་ཊར་ ༢༡ ཅན་ལ་བོད་མི་རྣམ་རྒྱལ་ཚེ་རིང་ལགས་སུ་ཨང་རིམ་གསུམ་པ་སོན་འདུག
ད་ལྟའི་དུས་སུ་སྤང་གོང་མཚོའི་ཕྱོགས་སུ་གནམ་གཤིས་གྲང་ངར་ཆེན་པོ་ཡོད་དུས་བློ་བཟང་མཐར་ཕྱིན་ལགས་ནས་རྒྱང་རྒྱུགས་དེའི་ནང་ཨང་རིམ་སོན་པའི་འཚོར་བ་དང་། གྲ་སྒྲིག་གནང་ཕྱོགས་སྐོར་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན་ལ། འཁྱགས་རོམ་སྟེང་རྒྱང་རྒྱུགས་བྱ་རྒྱུ་དེ་ཐོག་མ་ཡིན་པས་དཀའ་ངལ་ཆེན་པོ་བྱུང་ཡོད་པ་དང་། དེར་དམིགས་བསལ་གྲ་སྒྲིག་བྱས་མེད་ཀྱང་ཨང་རིམ་གསུམ་པ་སོན་པ་དང་། དམིགས་བསལ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་རྒྱལ་དར་ཁྱེར་ཏེ་བསྟན་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་རྒྱང་རྒྱུགས་གོ་སྒྲིག་གནང་མཁན་བྱམས་པ་ཚེ་བརྟན་ལགས་ནས་རྒྱང་རྒྱུགས་འགྲན་བསྡུར་གྱི་གལ་གནད་དང་འབྲེལ་ཏེ་གསུངས་བར་གཞིགས་ན། དེང་སང་གོ་ལའི་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་དང་། གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དེར་དོ་སྣང་ཡོང་རྒྱུ་དང་། དམིགས་བསལ་ལ་དྭགས་རང་གི་ནང་ལོ་རེ་བཞིན་གངས་ཉུང་དུ་འགྲོ་གི་ཡོད་པའི་དངོས་ཡོད་གནས་སྟངས་མཐོང་རྒྱུ་ཡོད་དུས། ཡུལ་མི་རྣམས་ནས་ཉིན་རེའི་འཚོ་བའི་ནང་ཁོར་ཡུག་དང་མཐུན་པའི་འཚོ་བ་སྐྱེལ་རྒྱུར་སྐུལ་མ་གཏོང་ཆེད་འཁྱགས་རོམ་རྒྱང་རྒྱུགས་གོ་སྒྲིག་ཞུས་པ་ཡིན་སྐོར་གསུང་གི་འདུག
དེ་བཞིན་ཁོང་གིས་མུ་མཐུད་གསུངས་དོན་ལ། སྤང་གོང་འཁྱགས་རོམ་རྒྱང་རྒྱུགས་འགྲན་སྡུར་དེ་ཕྱི་ལོ་ ༢༠༢༣ ལོར་དམིགས་བསལ་དགུན་དུས་སྤང་གོང་མཚོའི་ཕྱོགས་ཡུལ་སྐོར་སྤྲོ་འཆམ་སྤེལ་ཕྱིར་གོ་སྒྲིག་ཞུས་ཞིག་ཡིན་པ་དང་། དེ་ཡང་རིམ་བཞིན་རྒྱང་རྒྱུགས་དེ་འཛམ་གླིང་ས་མཐོ་ཤོས་ཀྱི་རྒྱང་རྒྱུགས་གྲས་སུ་གཏོགས་ཀྱི་ཡོད་པ་ཤེས་རྟོགས་བྱུང་འཕྲལ། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སྤྱི་དང་། ལྷག་པར་ལ་དྭགས་སུ་འཕྲད་བཞིན་པའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སྐོར་གོ་རྟོགས་སྤེལ་ཆེད་རྒྱང་རྒྱུགས་དེ་གྲ་སྒྲིག་གནང་ཡིན་པ་གསུངས་བྱུང་།
གཞི་རྩའི་སྤང་གོང་འཁྱགས་རོམ་རྒྱང་རྒྱུགས་འགྲན་སྡུར་དེ་ཕྱི་ལོ་ ༢༠༢༣ ལོར་ཐོག་མར་འགོ་བཙུགས་ཤིང་། དེ་ནི་ཨེ་ཤི་ཡའི་འཁྱགས་རོམ་རྒྱང་རྒྱུགས་ཆེས་ཐོག་མ་དང་། རྒྱལ་སྤྱིའི་སྟེང་ས་མཐོ་ཤོས་སུ་ཆགས་པའི་འཁྱགས་རོམ་རྒྱང་རྒྱུགས་དེ་ཡང་ཆགས་ཀྱི་འདུག་ལ། འདི་ལོའི་ཉིན་གྲངས་གཉིས་ཀྱི་འགྲན་སྡུར་ནང་འཛམ་གླིང་རྒྱལ་ཁབ་མི་འདྲ་བ་ལྔ་ནས་མཉམ་ཞུགས་གནང་མཁན་ཁྱོན་མི་གྲངས་༣༠༠ ཙམ་ཡོད་པ་དང་། དེའི་ནང་མཉམ་ཞུགས་གནང་མཁན་ལོ་ན་ཆུང་ཤོས་༧ དང་རྒན་ཤོས་ ༦༠ རེད་འདུག་ཅིང་། མཉམ་ཞུགས་པའི་ཁྲོད་བརྒྱ་ཆ་ལྔ་བཅུ་ལ་དྭགས་མི་མང་དང་། གཞན་རྒྱ་གར་དམག་མི། བོད་མི་དང་སློབ་གྲངས་ ༣༠ མཉམ་ཞུགས་གནང་འདུག རྒྱང་རྒྱུགས་ལས་འགུལ་དེར་རྒྱ་གར་གཞུང་གི་ཁང་ཁྱིམ་སོ་སོར་ཆུའི་མཐུན་རྐྱེན་སྦྱོར་རྒྱུའི་ལས་འཆར་ Jal Jeevan ཞེས་པའི་ཆ་ཤས་འོག་ལ་དྭགས་ས་གནས་འཛིན་སྐྱོང་ནས་རོགས་སྐྱོར་གནང་འདུག །
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།