རྒྱ་གར་གཞུང་གིས་ལ་དྭགས་མངའ་ཁུལ་དུ་རྫོང་ཁག་ལྔ་གསར་འཛུགས་གནང་བ་གསལ་བསྒྲགས་གནང་འདུག

ལ་དྭགས་མི་མང་བརྒྱ་སྐོར་ཞིག་གིས་ལྡི་ལི་བར་ཞི་བའི་གོམ་བགྲོད་གནང་ལ་ཉེ་བའི་སྐབས་རྒྱ་གར་གཞུང་གིས་ལ་དྭགས་མངའ་ཁུལ་ནང་རྫོང་ཁག་གསར་པ་ལྔ་གསལ་བསྒྲགས་བྱས་ཡོད་འདུག

ལ་དྭགས་ས་གནས་ཀྱི་ཐོབ་ཐང་ཆེད་ས་གནས་ཡུལ་མི་ཚོས་ལས་འགུལ་སྤེལ་སྐབས། ༠༨།༢༣།༢༠༢༤ AP

དེ་ཡང་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། རྒྱ་གར་གཞུང་གིས་ལ་དྭགས་ཀྱི་མངའ་ཁོངས་སུ་རྫོང་ཁག་གསར་པ་ལྔ་གསར་འཛུགས་བྱས་ཏེ་ད་ཆ་ཁྱོན་བསྡོམས་ལ་དྭགས་མངའ་ཁུལ་ནང་རྫོང་ཁག་བདུན་ལ་ཆ་བགོས་བྱས་ཡོད་པ་དང་། རྒྱ་གར་དབུས་ནང་སྲིད་བློན་ཆེན་ཨ་མིཏ་ཤཱ་ཡིས་རྫོང་ཁག་གསར་པ་དེ་དག་ལ་(0Zanskar)་དང་། (Drass) (Sham) (Nubra) (Changthang)་བཅས་མིང་བཏགས་འདུག ཡིན་ནའང་ལ་དྭགས་མི་མང་གིས་ད་ཡོད་རྒྱ་གར་དབུས་གཞུང་གི་ཐད་ཀར་འཛིན་སྐྱོང་འོག་ཡོད་པའི་ལ་དྭགས་མངའ་ཁུལ་དེར་ས་གནས་གྲོས་ཚོགས་ཡོད་པའི་མངའ་སྡེ་ཚད་ལྡན་ཞིག་གི་ཐོབ་ཐང་རག་ཐབས་བྱེད་བཞིན་ཡོད་པ་དང་། ལ་དྭགས་མི་མང་གིས་ཟླ་རྗེས་མར་ལ་དྭགས་ཀྱི་རྒྱལ་ས་གླེ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་པའི་འཆར་གཞི་ཁྱབ་བསྒྲགས་བྱས་པའི་སྐབས་ལ་ཁོང་ཚོའི་དགོས་འདུན་ལ་གནོན་ཤུགས་སྤྲོད་རྒྱུའི་ཆེད་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
ད་ལྟའི་ཆར་ལ་དྭགས་ལ་གླེ་དང་ཀར་བཀག་དཀྱིལ་རྫོང་ཁག་གཉིས་ཡོད་པ་དང་། སྲིད་བློན་མོ་དྷིས་གཞུང་གིས་ལ་དྭགས་མི་མང་ལ་གོ་སྐབས་ཕུན་སུམ་ཚོགས་པ་བསྐྲུན་རྒྱུ་ཁས་ལེན་བྱེད་ཀྱི་ཡོད་ཅེས་སྐུ་ཞབས་ཤ་ཧ་ཡིས་བརྗོད་ཡོད་ཅིང་། ད་རེས་ལ་དྭགས་ནང་རྫོང་ཁག་གསར་པ་ལྔ་གསར་འཛུགས་བྱས་པ་དེ་ནི་གཞུང་སྲིད་འཛིན་སྐྱོང་ཡག་པོ་དང་ཡར་རྒྱས་འགྲོ་བའི་གོམ་པ་གཅིག་ཡིན་ཞིང་། ཟངས་དཀར་དང་། དྲ་སི། ཤམ། ནུབ་རྭ། བྱང་ཐང་བཅས་ལ་ད་ལྟ་དོ་སྣང་ཆེ་བ་ཐོབ་ནས་ཞབས་ཞུ་དང་གོ་སྐབས་དེ་བས་བཟང་བ་མི་དམངས་ལ་ཐོབ་རྒྱུ་རེད་ཅེས་སྲིད་བློན་ནཱ་རེན་དྷ་ར་མོ་དྷིས་ཀྱི་(X)་སྤྱི་ཚོགས་དྲྭ་རྒྱའི་ཐོག་བྲིས་གནང་ཡོད་འདུག
ལ་དྭགས་ནི་༢༠༡༩ལོ་བར་སྔོན་མའི་ཇམ་མུ་དང་ཀ་ཤེ་མུར་མངའ་སྡེའི་ཆ་ཤས་ཤིག་ཡིན་པ་དང་། རྒྱ་གར་གཞུང་གིས་ལོ་དེར་ལ་དྭགས་ཇམ་མུ་དང་ཀ་ཤེ་མུར་མངའ་སྡེའི་ཁྱབ་ཁོང་ནས་ལོགས་སུ་ཕྱིར་བཏོན་གནང་སྟེ། རྒྱ་གར་དབུས་གཞུང་གི་ཐད་ཀའི་འཛིན་སྐྱོང་འོག་ཡོད་པའི་ལ་དྭགས་དང་ཇམ་མུ་ཀ་ཤེ་མུར་ཞེས་མངའ་ཁོངས་ལོགས་སུ་གཉིས་ལ་ཆ་བགོས་གནང་ཡོད་པ་རེད།
རྒྱ་གར་གྱི་གསར་འགྱུར་ལས་ཁང་(PTI)་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། གནམ་གཤིས་དོན་གཉེར་བ་ལ་དྭགས་པ་བསོད་ནམས་དབང་ཕྱུགས་ལགས་ཀྱི་སྣེ་ཁྲིད་འོག་མི་མང་དང་བླངས་པ་བརྒྱ་སྐོར་ཞིག་གིས་སྤྱི་ཟླ་དགུ་པའི་ཚེས་༡ཉིན་ལ་དྭགས་གླེ་ནས་འགོ་འཛུགས་ཀྱིས་རྒྱལ་ས་ལྡི་ལི་བར་ཟླ་བ་གཅིག་མ་ཟིན་ཙམ་གྱི་རིང་གོམ་བགྲོད་བྱས་ཏེ་མཐར་སྤྱི་ཟླ་༡༠པའི་ཚེས་གཉིས་ཏེ་བདག་ཉིད་ཆེན་མོ་གྷན་དྷི་མཆོག་གི་འཁྲུངས་སྐར་ཉིན་རྒྱལ་ས་ལྡི་ལིར་འབྱོར་བ་གནང་རྒྱུའི་འཆར་གཞི་ཡོད་འདུག


གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org