༧གོང་ས་མཆོག་ལ་ཆེ་བསྟོད་དང་གསོལ་སྟོན་འབུལ་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་པ་ཚོར་ཁོར་ཡུག་ལ་བདག་གཅེས་དགོས་རྒྱུ་གལ་ཆེན་པོ་ཡིན་ལུཊ་ལམ་སྟོན་གནང་འདུག
-
2016-08-16 -
-
-
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་པ་ཚོར་ཁོར་ཡུག་ལ་བདག་གཅེས་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་ལམ་སྟོན་གནང་ཡོད་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བདུན་པའི་ཚེས་༢༥་ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་ཕེབས་ནས་མཛད་འཕྲིན་བསྐྱངས་གནང་བཞིན་ཡོད་པ་ལྟར། འདི་ཚེས་༡༤་ཉིན་Ladakh Hill Development Council་འམ་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་ནག་ཚལ་གྱི་སྤྱི་གླིང་ཞིག་ཏུ་གདན་ཞུས་ཀྱིས། ཉིན་གུང་གསོལ་སྟོན་འབུལ་བཤམས་དང་སྦྲགས་ལ་དྭགས་པའི་ཐུན་མོང་མ་ཡིན་པའི་གཞས་སྣ་གཟིགས་འབུལ་ཞུས་ཡོད་འདུག སྐབས་དེར་ལྷན་ཚོགས་ཀྱི་སྤྱི་ཁྱབ་བསོད་ནམས་ཟླ་བ་ལགས་ནས་ཆེ་བསྟོད་ཀྱི་ཚུལ་དུ་ཕེབས་བསུའི་གསུང་བཤད་གནང་བ་དང་། དེ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཉེ་འདྲིས་ཆེན་པོ་ཡོད་པའི་སྐུ་ཞབས་མོ་རུབ་རྣམ་རྒྱལ་ཞུ་བས། བོད་དང་ལ་དྭགས་གཉིས་དབར་དེ་སྔ་དུས་རབས་བདུན་པ་བོད་ཀྱི་ཆོས་རྗེ་སྲོང་བཙན་སྒམ་པོའི་སྐབས་ནས་འབྲེལ་བ་དམ་ཟབ་ཡོད་པ་དང་། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡང་སེ་ལ་དྭགས་ཁུལ་ཆིབས་བསྒྱུར་གནང་བཞིན་ཡོད་པ་དེས་ལ་དྭགས་ཡར་རྒྱས་འགྲོ་རྒྱུར་ཕན་ཐོག་ཆེན་པོ་བྱུང་ཡོད་སྟབས་ཐུགས་རྗེ་ཆེ་ཞུས་འདུག
དེ་དང་ཕྱོགས་མཚུངས་Thortuk་ནས་ཡིན་པའི་ཁ་ཆེ་བ་Mohammed Khan་གྱིས་སྙན་ངག་ཞིག་བསྒྲོགས་སྦྱང་ཞུས་པའི་ནང་། ནང་པ་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་ཁྱེད་ཚོ་གཅིག་པུའི་ཡིན་ཞེས་ཞུས་ན་མ་འགྲིགས་། ཁོང་ནི་ང་ཚོ་ཁ་ཆེ་བ་ཚོར་ཡང་བདག་གི་ཡོད་རེད་ཅེས་བསྔགས་བརྗོད་ཞུས་འདུག ཡང་སྐབས་དེར་ལ་དྭགས་ཀྱི་རྫོང་དཔོན་མཆོག་ནས་ཀྱང་ཆེ་བསྟོད་ཀྱི་གསུང་བཤད་གནང་བ་དང་སྦྲགས་གོ་སྒྲིག་ཞུ་མཁན་ཚོར་ཡང་ཐུགས་རྗེ་ཆེ་ཞུས་གནང་འདུག
དེ་ནས་༧གོང་ས་མཆོག་གིས་བཅར་འདྲི་ཞུས་པ་ཁག་ལ་བཀའ་ལན་གནང་བ་དང་། ལྷག་པར་དུ་༧གོང་ས་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་དང་རང་བྱུང་གཏེར་དངོས། དེ་བཞིན་ཆུའི་ཐོིན་ཁུངས་བེད་སྤྱོད་གཏོང་ཕྱོགས་སོགས་ཁོར་ཡུག་བདག་གཅེས་ལ་དོ་སྣང་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ལུགས་ལམ་སྟོན་གནང་འདུག
ཐེངས་འདིའི་གསོལ་སྟོན་མཛད་སྒོའི་སྐབས་སུ། ལ་དྭགས་རང་སྐྱོང་ཚོགས་པའི་ཚོགས་མི་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གི་དབུས་པས་ས་གནས་གནད་ཡོད་མི་སྣ་ཁག་ཅིག་ཕེབས་ཡོད་འདུག ཡང་མཛད་འཆར་གཞིར་བཟུང་ལྟར་ན།་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་༡༩་ནས་༢༡་བར་ཞི་བའི་ཚལ་ཕོ་བྲང་དུ་མང་ཚོགས་ལ་ཆོས་འབྲེལ་སྐྱོང་གནང་རྒྱུའི་མཛད་འཆར་ཡོད་འདུག།
གསར་འགོད་པ་རིག་འཛིན་ཆོས་སྒྲོན་དང་ཀེ་ཐོ།