འཕགས་བོད་ས་མཚམས་ལ་དྭགས་སུ་འཁྱགས་རོམ་སྟེང་འཛེག་རྒྱུའི་འགྲན་བསྡུར་གནང་འདུག

2023.03.02
འཕགས་བོད་ས་མཚམས་ལ་དྭགས་སུ་འཁྱགས་རོམ་སྟེང་འཛེག་རྒྱུའི་འགྲན་བསྡུར་གནང་འདུག འཕགས་བོད་ས་མཚམས་ལ་དྭགས་སུ་འཁྱགས་རོམ་སྟེང་འཛེག་རྒྱུའི་འགྲན་བསྡུར་གནང་སྐབས། ༠༢།༢༨།༢༠༢༣
འཕྲིན་ལས་ཆོས་སྒྲོན། /RFA

དེ་ཡང་འཕགས་བོད་ས་མཚམས་ཀྱི་རྒྱ་གར་གྱི་མཐའ་སྲུང་དམག་སྡེ་ཨང་ཉེར་བཞི་པའི་(ITBP Indo Tibetan border police 24th Battalion)་གོ་སྒྲིག་འོག ཟླ་སྔོན་མའི་ཚེས་༢༧ཉིན་ནས་ཉིན་གསུམ་རིང་ལ་དྭགས་ཁུལ་གྱི་འཁྱགས་རོམ་སྟེང་འཛེག་རྒྱུའི་འགྲན་བསྡུར་གནང་འདུག ཚེས་༢༧ཉིན་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་ལ་དྭགས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་གསུངས་བཤད་གནང་སྐབས། ལ་དྭགས་ས་གནས་དེ་ཕྱོགས་མང་པོ་ནས་རྒྱལ་ཁབ་མང་པོ་དང་ས་མཚམས་ཆགས་ཡོད་དུས། འཁྱགས་རོམ་སྟེང་འཛེག་རྒྱུ་དེ་དམག་མི་ཅིག་པོ་མ་ཡིན་པར་ས་མཚམས་ཀྱི་གནས་སྟངས་ཉག་ཕྲ་བའི་སྐབས་དམག་མི་དང་མཉམ་དུ་མི་སྐྱ་ཚོ་ཡང་མཉམ་ཞུགས་བྱས་ཚེ་ལུང་པ་ལ་ཕན་པ་སོགས་གསུང་བྱུང་།
འཕགས་བོད་ས་མཚམས་ཀྱི་མཐའ་སྲུང་དམག་སྡེ་༢༤བས་འཁྱགས་རོམ་སྟེང་འཛེག་རྒྱུའི་འགྲན་བསྡུར་དེ། སྤྱི་ལོ་༢༠༡༩ལོར་མཐའ་སྲུང་དམག་སྡེའི་ཚབ་ཞུས་ཏེ་དཔོན་པོ་ནོར་བུ་དབང་འདུ་ཞེས་པ་རྒྱ་གར་མངའ་སྡེ་ཨུ་དར་ཁན་ས་གནས་སུ་འཁྱགས་རོམ་སྟེང་འཛེག་སའི་ས་གནས་སུ་གངས་རུད་ཁྲོད་རྐྱེན་འདས་སུ་ཕྱིན་པར་ཁོང་གི་དྲན་རྟེན་ཆེད་གོ་སྒྲིག་ཞུས་པ་ཞིག་རེད་འདུག
(SK GUNJAL IG NW FT RALONG)་ལགས་ཀྱིས། འཁྱགས་རོམ་སྟེང་འཛེག་རྒྱུའི་ལ་དྭགས་ཀྱི་དམིགས་བསལ་ལུས་རྩལ་འདི་བརྒྱུད་མ་འོངས་རྒྱལ་སྤྱིའི་དགུན་དུས་ཨོ་ལམ་པིག་སི་རྩེད་འགྲན་སོགས་ཀྱི་ནང་རྒྱ་གར་གྱི་སྐུ་ཚབ་བྱས་ནས་མཉམ་ཞུགས་ཐུབ་པའི་རེ་བ་བྱེད་བཞིན་པ་དང་། ད་རེས་མི་མང་པོ་བྱུང་མེད་ཀྱང་མ་འོངས་པར་མཉམ་ཞུགས་བྱེད་མཁན་མང་དུ་འགྲོ་བའི་རེ་བ་ཡོད། དམིགས་གསལ་ལ་དྭགས་ས་གནས་སུ་དགུན་དུས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་མེད་དུས་ཡུལ་སྐོར་སྤྲོ་འཆམ་པ་ཇེ་མང་དུ་འགྲོ་བར་དམིགས་བཞིན་པ་སོགས་གསུང་བྱུང་།
འཁྱགས་རོམ་སྟེང་འཛེག་རྒྱུ་དེ་སྤྱིར་དམག་མི་རྣམས་ཀྱིས་དུས་རྒྱུན་དུ་གནང་བཞིན་པ་ཞིག་ཡིན་ན་ཡང་། ད་ལན་རྒྱལ་ས་གླེ་ཕྱོགས་སུ་བཅོས་མའི་འཁྱགས་རོམ་སྟེང་འཛེག་རྒྱུ་ཡོད་པ་དེ་ལ་དྭགས་རི་བོའི་ལམ་སྟོན་པའི་ཚོགས་པས་(LADAKH MOUNTAIN GUIDE ASSOCIATION)་འགན་འཁུར་ཐོག ལ་དྭགས་ཡུལ་མི་རྣམས་ལ་འཛམ་གླིང་གི་ས་ཕྱོགས་གང་སར་གནམ་གཤིས་ཚ་དྲོད་འཕེལ་བ་དང་འཁྱགས་རོམ་མང་པོ་བཞུ་བཞིན་ཡོད་པའི་ཉེན་ཁའི་ཐོག་མི་མང་ལ་གོ་རྟོག་སྤེལ་རྒྱུ་དང་། གཉིས་པ་ལ་དྭགས་ས་གནས་སུ་དགུན་དུས་སུ་ཡུལ་སྐོར་སྤྲོ་འཆམ་འཕེལ་ཆེད་ཡིན་པ་རེད་འདུག

Ladakh (2).jpg
ལ་དྭགས་རི་བོའི་ལམ་སྟོན་པའི་ཚོགས་པ་ནི་ཐོག་མར་༢༠༡༧ལོར་འགོ་འཛུགས་པ་དང་། སྤྱི་ལོ་༢༠༢༣ལོར་མི་མང་གི་ཆེད་ལ་དྭགས་འཁྱགས་རོམ་སྟེང་འཛེག་རྒྱུའི་དགའ་སྟོན་ཞེས་ཉིན་༤ གོ་སྒྲིག་ཞུ་ཡོད་པ་དང་། དེ་བཞིན་འཁྱགས་རོམ་སྟེང་འཛེག་རྒྱུ་དེ་ལ་དྭགས་ནང་ཐོན་གསར་པ་ཞིག་ཡིན་དུས། དེང་སྐབས་འཛམ་གླིང་གི་ཚ་དྲོད་འཕར་བཞིན་པ་དང་། འཁྱགས་རོམ་མང་པོ་བཞུ་བཞིན་ཡོད་དུས། ལུང་པ་ཡར་རྒྱས་མ་བཏང་གོང་ས་གནས་ལ་གནམ་གཤིས་ཚ་དྲོད་འཕེལ་བ་དང་གངས་རི་ཉུང་དུ་འགྲོ་བཞིན་ཡོད་པ་སོགས་ཀྱི་དཀའ་ངལ་སེལ་ཐབས་གལ་ཆེ་བ་ལ་དྭགས་རི་བོའི་ལམ་སྟོན་པའི་ཚོགས་པའི་འགན་འཛིན་སྐལ་བཟང་རིག་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་བྱུང་།
འཁྱགས་རོམ་སྟེང་འཛེག་རྒྱུ་དེ་སྤྱིར་སྟངས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ནང་དར་སྲོལ་ཆེ་བ་དང་། ཨ་བྷི་དྷ་བྷེ་(ABUDHABI)་ནས་ཡིན་པའི་རི་འཛེག་མཁན་ཞིག་གིས། ང་རང་ལ་དྭགས་ནུབ་ར་ས་གནས་སུ་འཁྱགས་རོམ་སྟེང་འཛེག་པར་ཡོང་བ་ཡིན་པས་དགའ་ཚོར་བྱུང་བ་གསུང་བྱུང་།
ཡང་རྒྱ་གར་གྱི་མངའ་སྡེ་མ་ཧ་རཤ་ཏ་ར་ནས་ཡིན་པ་(RAJENDRA SHINDEL)་ལགས་ཀྱིས། ང་རང་རོགས་པ་མི་༡༠དང་མཉམ་དུ་ད་ཐེངས་འཁྱགས་རོམ་སྟེང་འཛེགས་པར་ཡོང་བ་ཡིན། ངོས་རང་འདས་པའི་ལོ་༣༠རིང་རི་ལ་འཛེགས་ནས་མི་ཚེ་སྐྱེལ་བ་ཡིན་དུས་ལོ་རེ་ནས་ལོ་རེ་བཞིན་འཁྱགས་རོམ་ཉུང་དུ་འགྲོ་བཞིན་ཡོད་དུས། ངའི་བསམ་པར་ལ་དྭགས་དང་ཧི་མ་ལ་ཡ་གཙོས་པའི་འཛམ་གླིག་གི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དུས་ལ་སླེབས་ཡོད་པ་གསུང་བྱུང་།
ད་རེས་ལ་དྭགས་སུ་འཁྱགས་རོམ་སྟེང་འཛེགས་རྒྱུའི་འགྲན་སྡུར་ནང་མཉམ་ཞུགས་བྱེད་མཁན་ཁྱོན་མི་གྲངས་༨༤་བྱུང་ཡོད་པའི་ནང་དམག་མི་༥༤དང་། ལ་དྭགས་རི་བོའི་ལམ་སྟོན་པ་ཚོགས་པ་ནས་མི་༡༠ ཡང་སློབ་གྲྭའི་སློབ་ཕྲུག་༢༠བྱུང་འདུག འགྲན་བསྡུར་འདི་ལོ་ལྟར་གོ་སྒྲིག་བྱེད་བཞིན་པ་དང་། འགྲན་བསྡུར་ནང་མི་སུ་ཞིག་ཡིན་ན་ཡང་མཉམ་བཞུགས་བྱེད་ཆོག་གི་ཡོད་པ་རེད་འདུག
གཞན་ཉེ་སྔོན་འཕགས་བོད་གཉིས་ཀྱི་ལ་དྭགས་ས་མཚམས་སུ། རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མིའི་བར་འཁྲུག་རྩོད་བྱུང་རྗེས། རྒྱ་ནག་གཞུང་གིས་བོད་ཀྱི་ས་མཚམས་སུ་འཛུགས་བསྐྲུན་གྱི་ལས་གཞི་མང་དག་ཞིག་སྤེལ་བཞིན་པ་ལྟར། རྒྱ་གར་གཞུང་གི་ངོས་ནས་ཀྱང་ལ་དྭགས་སོགས་ས་མཚམས་ས་ཁུལ་ཡར་རྒྱས་ཀྱི་ལས་གཞི་(Border Area Development Programme)་དང་(VIBRANT VILLAGE PROGRAMME)་ཞེས་ལས་གཞི་མང་པོ་བཏོན་བཞིན་པ་དང་། ལ་དྭགས་ས་གནས་ཀྱི་འཛིན་སྐྱོང་ནས་ལ་དྭགས་སུ་དགུན་དུས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་གོང་སྤེལ་དང་། ས་མཚམས་ཕྱོགས་ཀྱི་ཡུལ་མི་ཚོར་ཡུལ་སྐོར་སྤྲོ་འཆམ་པ་ནས་ཕན་ཐོགས་ཡོང་ཆེད་འཕགས་བོད་གཉིས་ཀྱི་ས་འཚམས་སྤང་གོང་མཚོའི་ཐོག་འཛམ་གླིང་གི་མཚོ་དར་རྒྱང་སྐྱོད་བང་འགྲན་ཐེངས་དང་པོ་དེ་ཡང་ཉེ་ལམ་གནང་འདུག
འཕགས་བོད་ས་མཚམས་ཀྱི་རྒྱ་གར་གྱི་མཐའ་སྲུང་དམག་སྡེ་ཨང་ཉེར་བཞི་པ་(ITBP Indo Tibetan border police 24th Battalion)་ནི། བོད་རང་སྐྱོང་ལྗོངས་ཟེར་བའི་ས་འབྲེལ་མཐའ་མཚམས་སུ་ཡོད་པ་དང་། རྒྱ་གར་གྱི་དྲག་ཆས་ཉེན་རྟོག་དཔུང་སྡེ་བདུན་གྱི་གྲས་ཡིན་པར་༡༩༦༢ལོའི་རྒྱ་གར་གྱི་དམག་འཁྲུག་རྗེས་སུ་དེ་མ་ཐག་བཙུགས་པ་ནས་འཕགས་བོད་ས་མཚམས་སུ་མཐའ་སྲུང་གཙོ་འཛིན་བྱས་ནས་བསྡད་ཡོད་པ་རེད།


གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎