རྒྱ་ནག་གཞུང་གིས་མཚོ་སྔོན་དང་ཀན་སུའུ་ཕྱོགས་ཀྱི་བོད་མི་ཁྲི་ཚོ་མང་པོར་ལག་རྩལ་སྦྱོང་བརྡར་སྤྲོད་བཞིན་འདུག
2020.10.05
རྒྱ་ནག་གཞུང་གིས་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་ཁོངས་གཏོགས་ཀྱི་བོད་ཀྱི་ས་ཁུལ་ཁག་ཏུ་དབུལ་ཐར་མཁྲེགས་གཏོར་ཟེར་བའི་མིང་ཐོག་ནས་ཞིང་འབྲོག་མང་ཚོགས་ཁྲི་ཚོ་མང་པོར་ལག་རྩལ་སྦྱོང་བརྡར་སྤྲོད་བཞིན་འདུག
ཉེ་སྔོན་ཨ་རིའི་ཇེ་མི་སི་ཌོན་ཐེབས་རྩ་(Jamestown Foundation)་ཉམས་ཞིབ་ཁང་གིས་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གཞུང་གིས་བཙན་ཤེད་ཀྱི་ངོ་བོའི་ཐོག་ནས་བོད་རང་སྐྱོང་ལྗོངས་ནང་བོད་ཀྱི་སྲོལ་རྒྱུན་འཚོ་བར་འགྱུར་བ་གཏོང་ཆེད། བོད་མི་ཁྲི་ཚོ་མང་པོ་ངལ་རྩོལ་རྭ་བ་ལྟ་བུའི་ས་གནས་སུ་བཞག་ནས་དམག་མི་ནང་བཞིན་གྱི་སྦྱོང་བརྡར་སྤྲད་དེ། མཐར་ཐུག་ཞིང་འབྲོག་མང་ཚོགས་དེ་དག་ལ་གླ་ཆ་ཉུང་ངུ་ལས་མེད་པའི་ལས་ཀ་བྱེད་དུ་འཇུག་གི་ཡོད་པ། དེ་ནི་རྒྱ་ནག་གཞུང་གིས་ཤིན་ཅིང་ནང་ལག་བསྟར་བྱེད་པའི་སྲིད་ཇུས་དང་གཅིག་མཚུངས་ཆགས་ཡོད་པ་བརྗོད་འདུག
དེའི་ཐད་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས་རོས་ཡེ་ཌིར་གསལ་སྤེལ་ཁང་ལ་ལན་འདེབས་བྱས་པའི་གསལ་བསྒྲགས་ནང་། འབྲེལ་ཡོད་བཙན་ཤེད་ཀྱིས་ལས་ཀ་བྱེད་དུ་འཇུག་པའི་གནས་སྟངས་དེ་འདྲ་མེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་དཀར་ནག་གི་དབྱེ་བ་ཕྱེས་ནས་རྒྱ་ནག་ལ་གུས་བརྩི་བྱེད་དགོས་ཚུལ་བཀོད་འདུག
ཡིན་ནའང་གོང་བརྗོད་ཨ་རིའི་ཇེ་མི་སི་ཌོན་ཐེབས་རྩ་ཉམས་ཞིབ་ཁང་གི་སྙན་ཐོ་དེ་འདོན་མཁན་གཙོ་བོ་ཞིན་ཅང་དང་བོད་ཀྱི་གནད་དོན་ཐད་ཀྱི་ཉམས་ཞིབ་པ་(Adrian Zenz)་ཡིས་འདི་ག་རླུང་འཕྲིན་ཁང་ལ་གསུང་ན། རྒྱ་ནག་གཞུང་གི་སྙན་ཐོ་ལྟར་ན། བོད་མི་ལྔ་འབུམ་བཞི་ཁྲི་སུམ་སྟོང་ཙམ་ཞིག་ལ་དམག་མི་ལྟ་བུའི་ལག་ཤེས་སྦྱོང་བརྡར་དང་དེ་ཡང་ངལ་རྩོལ་རྭ་བའི་ནང་སྦྱོང་བརྡར་སྤྲད་ཡོད་ཅེས་དང་། ངེས་པར་དུ་སྒྲུབ་དགོས་བ་དང་གཞུང་གི་ལས་བྱེད་ཚོས་སོ་སོའི་དམིགས་ཡུལ་ཇི་བཞིན་སྒྲུབ་མ་ཐུབ་ན་ཉེས་ཆད་ཕོག་བཞིན་ཡོད་པ་དང་། དེ་བཞིན་དམག་མི་ལྟ་བུའི་སྦྱོང་བརྡར་ཁྲོད་བཙན་ཤེད་ཀྱིས་སྦྱོང་བརྡར་སྤྲོད་པ་དང་དམིགས་འབེན་འགྲུབ་དགོས་ཞེས་གསལ་བོ་བཀོད་ཡོད་ལ། འདི་ནི་བོད་རང་སྐྱོང་ལྗོངས་ནང་འབྱུང་བཞིན་པ་ཞིག་ཡིན་ཡང་། བོད་ཀྱི་ས་ཁུལ་གཞན་པར་ཡང་དེ་ལྟ་བུ་བྱུང་བཞིན་པ་ཐོས་རྒྱུ་འདུག་ཟེར།
གོང་བརྗོད་སྙན་ཐོ་དེ་ནི་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་དང་སྲིད་ཇུས་ཡིག་ཆ། འཁོར་སྐར་གྱི་བརྙན་པར་བཅས་ལ་གཞི་བཞག་ནས་དབྱེ་ཞིབ་བྱས་བ་ཞིག་རེད།
༢༠༢༠ལོའི་ཟླ་བ་དང་པོ་ནས་བདུན་པའི་བར་བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་འབུམ་ལྔ་ལྷག་ལ་གནས་སྤོ་ལས་ཞུགས་སྦྱོང་བརྡར་སྤྲད་དེ་དམིགས་འབེན་བརྒྱ་ཆའི་དགུ་ཅུ་འགྲུབ་ཡོད་པ་མ་ཟད། དེ་དག་ཁྲོད་མི་གྲངས་ཁྲི་བརྒལ་བ་གྲོང་ཁྱེར་གཞན་ནས་ལས་ཀ་རྙེད་པ་དང་། ཡང་མི་གྲངས་སྟོང་ཕྲག་གསུམ་ཙམ་རྒྱ་ནག་གི་ས་ཁུལ་གཞན་དག་ལ་མངགས་ཡོད་པ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཡིག་ཆའི་ནང་གསལ་བ་རོས་ཡེ་ཌིར་གསར་སྤེལ་ཁང་ནས་ལུང་འདྲེན་བྱས་འདུག གང་ལྟར་མཐར་ཐུག་ན་བོད་མི་མང་པོ་ནི་གླ་ཆའི་ཐོབ་ཐང་ཉུང་བའི་ལས་ཀ་དཔེར་ན་ཐག་ལས་ཀྱི་བཟོ་གྲྭ་དང་། ཨར་ལས་འཛུགས་སྐྲུན་གྱི་ལས་གྲྭ སོ་ནམ་ཞིང་ལས་ཀྱི་བཟོ་གྲྭ་བཅས་ནང་བཀོད་སྒྲིག་བྱས་ཡོད་པའི་སྐོར་བཀོད་ཡོད་པ་རེད།
དེ་བཞིན་འདི་གའི་གསར་འགོད་པས་མཚོ་སྔོན་དང་ཀན་སུའུ་ཡི་བོད་ཀྱི་ས་ཁུལ་གྱི་གོང་བརྗོད་གནས་སྟངས་སྐོར་ལ་ཉམས་ཞིབ་བྱེད་སྐབས། མཚོ་སྔོན་དང་ཀན་སུའུ་ཡི་ཀན་ལྷོ་ནས་གཙོ་བོ་དབུལ་སྐྱོར་གྱི་ལམ་ནས་ལས་འགུལ་དེ་དང་ཆ་འདྲ་བ་མང་པོ་སྤེལ་དང་སྤེལ་བཞིན་པ་མཐོང་རྒྱུ་འདུག དཔེར་ན། རྒྱ་ནག་གསར་འགྱུར་དྲ་བ་ཞེས་པའི་གཞུང་འབྲེལ་དྲ་བའི་ཐོག་༢༠༢༠ལོའི་ཕྱི་ཟླ་༦པའི་ཚེས་༨ལ་སྤེལ་བའི་གསར་འགྱུར་ནང་། མཚོ་སྔོན་ཞིང་ཆེན་མི་དོན་སྤྱི་ཚོགས་ལས་ཁུངས་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ལོ་༢༠༡༩ལོའི་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་ཡོངས་ནས་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་གནས་སྤོ་བྱས་ཏེ་ལས་ཀར་ཞུགས་པའི་(འདི་ནི་ཞིང་འབྲོག་མང་ཚོགས་ཀྱིས་ཞིང་ལས་དང་ཕྱུགས་ལས་གཉེར་བ་བསྐྱུར་ནས་ཐག་ལས་དང་བཟོ་གྲྭ་སོགས་ནས་ལས་ཀ་བྱེད་པར་བརྗོད་ཀྱིན་འདུག)་མི་གྲངས་ཆིག་འབུམ་ཉིས་ཁྲི་དྲུག་སྟོང་སུམ་བརྒྱ་ཡོད་པ་བཀོད་འདུག
དེ་མིན་ཤར་ནུབ་ཕྱོགས་དབུལ་སྐྱོར་རོགས་རམ་སྒྲིག་གཞི་ལྟར། མཚོ་སྔོན་ཞིང་ཆེན་མི་དོན་སྤྱི་ཚོགས་ལས་ཁུངས་ནས་བསྟུད་མར་ལོ་གསུམ་རིང་ཅང་སུའི་ཞིང་ཆེན་གྱི་མི་དོན་སྤྱི་ཚོགས་ལས་ཁུངས་བར་༼ངལ་རྩོལ་མཉམ་སྒྲུབ་ཆིངས་ཡིག༽་བཞག་སྟེ། ཟི་ལིང་དང་མཚོ་ཤར་སོགས་ས་ཁུལ་ནས་ཅང་སུའུ་ཞིང་ཆེན་ནང་དབུལ་སྐྱོར་ས་ཁུལ་དུ་རོགས་རམ་ཆེད་ངལ་རྩོལ་ལས་ཀ་སྣེ་མཐུད་ཀྱི་ལས་དོན་སྤེལ་ནས། སྔ་རྗེས་སུ་ཤར་ནུབ་ཕྱོགས་ས་ཁུལ་གྱི་ངལ་རྩོལ་ལས་ཀ་རོགས་སྐྱོར་གདན་ཞུའི་ཚོགས་འདུ་བཅུ་ལྷག་བསྡུས་ཏེ། ཅང་སུའུ་ཡི་ཁེ་གཉེར་ཚོང་ལས་ཁང་བརྒྱ་ལ་ཉེ་བ་རྩ་འཛུགས་བྱས་ཏེ། ལས་གནས་ཆིག་ཁྲི་ལྔ་སྟོང་མཁོ་སྤྲོད་དང་། མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་ངལ་རྩོལ་བ་མི་གྲངས་༧༠༨ཅང་སུའུ་ནང་བསྐྱོད་དེ་ལས་ཀར་ཞུགས་ཡོད་པ་བཀོད་འདུག
ད་ལྟ་ཨོ་གླིང་ནང་གནས་སྡོད་ཚེ་རིང་དོན་གྲུབ་ལགས་ནི་གསར་འགྱུར་དང་ཉམས་ཞིབ་ཀྱི་ཕྱག་ལས་གནང་མྱོང་མཁན་དང་། ནམ་རྒྱུན་བོད་ནང་གི་བོད་མི་མང་པོར་འབྲེལ་འདྲིས་ཡོད་པ་ཞིག་ཡིན་པ་དང་ཁོང་གིས་དེའི་ཐད་གསུང་ན། རྒྱ་ནག་དམར་ཕྱོགས་གཞུང་གི་སྲིད་ཇུས་ཁག་ནི་ཁ་ཡག་ཁོག་གཙོག་ཡིན། ད་ཐེངས་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དེ་དག་ལ་བལྟས་ཡོང་ན། མི་དམངས་དང་མི་དམངས་ཀྱི་འཚོ་བ་ནི་ཁ་གཡར་ས་ཡིན་པ་ལས། དོན་དངོས་ཐོག་མི་རིགས་ཀྱི་སྐད་ཡིག་རིག་གཞུང་གི་རྒྱབ་ལྗོངས་མེད་པར་བཟོ་རྒྱུ་དང་། རྒྱ་ནག་དམར་ཤོག་གི་ལྟ་གྲུབ་སློབ་སྦྱོང་སྤྲོད་རྒྱུ། དེ་བཞིན་བྲན་གཡོག་གསར་བ་མང་པོ་འཚོལ་བསྡུ་བྱེད་རྒྱུ་བཅས་ཀྱི་དམིགས་ཡུལ་ཡོད་པ་འགྲེལ་བརྗོད་གནང་ཡོད།
དེ་བཞིན་ལོ་མང་རིང་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ཐད་ཉམས་ཞིབ་གནང་མཁན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་ཀྱང་། རྒྱ་ནག་གཞུང་གིས་དབུལ་སྐྱོར་དང་དབུལ་ཐར། གནས་སྤོར་སོགས་སྲིད་ཇུས་འདྲ་མིན་དྲིལ་བསྒྲགས་དང་ལག་བསྟར་བྱེད་བཞིན་པར་བལྟས་ཡོང་ན། ཕུགས་ཀྱི་དམིགས་ཡུལ་ངོ་མ་ནི་བོད་མིའི་གོམས་གཤིས་དང་རིག་གནས། ཐ་ན་འཚོ་བའི་གཞི་རྟེན་ཡང་བཙན་འཕྲོག་བྱེད་པའི་དབུལ་ཐར་སྲིད་ཇུས་ཡིན་པ་དང་། རིམ་པས་མང་ཚོགས་ཚང་མ་འཚོ་བ་དང་དཔལ་འབྱོར་གྱི་ཤུགས་རྐྱེན་འོག་ནས་རྒྱ་ནག་སྲིད་གཞུང་གི་སྟངས་འཛིན་འོག་འཇུག་ཐབས་བྱེད་བཞིན་པ་རེད། དེ་མ་གཏོགས་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་ཆེད་ཡིན་ཚེ། རྒྱ་ནག་གཞུང་གིས་སྲིད་ཇུས་འདྲ་མིན་འོག་བོད་མི་མང་ཚོགས་ཀྱི་ས་ཆ གཞུང་བཞེས་དང་། སྒོ་ཕྱུགས་སེམས་ཅན་མེད་པར་བཟོ་དགོས་དོན་མེད་ཅེས་འགྲེལ་བརྗོད་གནང་ཡོད།
ཡིན་ནའང་རྒྱ་ནག་གཞུང་གིས་བོད་ཁུལ་དུ་གནས་སྤོར་དབུལ་སྐྱོར་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་ལེགས་པོ་བྱུང་གི་ཡོད་ཚུལ་དང་། ལྷག་པར་དུ་མཚོ་སྔོན་ནས་དབུལ་སྐྱོར་གྱི་ས་གནས་གཙོ་བོར་འཛིན་པའི་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་དུང་དཀར་གཞིས་ཁུལ་ཞེས་པ་ཞིག་ལེགས་འགྲུབ་ཀྱིས་འབྲོག་པ་མང་ཚོགས་ཁང་བ་གསར་བའི་སྤོར་ཏེ་འཚོ་བ་ལེགས་པོ་དང་སྒོར་མོའི་ཡོང་འབབ་མང་དུ་ཕྱིན་པ་སོགས་སྒྲོག་བཞིན་པ་མ་ཟད། དུང་དཀར་གཞིས་ཁུལ་ཟེར་བ་དེའི་རྒྱ་སྒོའི་ཐོག་ཏུའང་༼ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་བརྟན་པོར་འཛུགས་དགོས༽་ཞེས་ཆབ་སྲིད་ཀྱི་དྲིལ་སྒྲོག་ཤུགས་ཆེན་བྱས་འདུག དེ་བཞིན་རྒྱ་ནག་གསར་འགྱུར་དྲ་བ་ཞེས་པའི་ནང་གཞིས་ཁུལ་གསར་བ་དེར་གནས་སྤོར་བའི་བོད་མི་རིག་འཛིན་ཚེ་རིང་ཞེས་པ་ཞིག་ལ་ཏང་གི་བཀའ་དྲིན་ཆེན་པོ་ཡིན་ཚུལ་སྐད་ཆ་བཤད་དུ་བཅུག་ཡོད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟུར་བ་ཚེ་རིང་རྒྱལ་ལགས་ཀྱིས་གསུང་ན། རྒྱ་ནག་གཞུང་གིས་ད་བར་སྲིད་ཇུས་འདྲ་མིན་འོག བོད་ནང་གི་བོད་མི་ཚོ་མི་རབས་ནས་མི་རབས་བརྒྱུད་ནས་ཡོང་བའི་ཞིང་འབྲོག་གི་འཚོ་གནས་གཏོར་ནས། ས་ཞིང་དང་རྩྭ་ས་གཞུང་བཞེས་བཏང་ནས་བོད་མི་མང་ཚོགས་འཚོ་བར་དཀའ་ངལ་འཕྲད་དུ་བཅུག་རྗེས། ད་ཆ་དཀའ་ངལ་དེ་ལས་ཐར་ཐབས་ཡིན་ཚུལ་གྱི་སྲིད་ཇུས་འདྲ་མིན་སྤེལ་བཞིན་པ་དོན་དངོས་ཐོག་བོད་མི་ཚོ་སྟངས་འཛིན་དང་དབང་བསྒྱུར་བྱེད་པའི་རྒྱ་ནག་གི་ཆབ་སྲིད་ཀྱི་ལག་ཆ་གཞན་ཞིག་ཡིན་པ་གསུང་གི་འདུག
དེ་བཞིན་ཀན་སུའུ་ཞིང་ཆེན་ཁོངས་ཀྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་། མདོ་ལྷོའམ་ཀན་ལྷོ་ཁུལ་གྱིས་ཕྱི་ལོ་༢༠༡༥ལོ་ནས་ཕྱི་ལོ་༢༠༢༠ལོའི་བར་ཀན་ལྷོ་ཁུལ་ཡོངས་སུ་དབུལ་ཕོངས་མི་གྲངས་ཆིག་འབུམ་ཉིས་ཁྲི་ལྔ་སྟོང་ལྷག་དམིགས་འབེན་དུ་བཟུང་ནས། ངལ་རྩོལ་བ་བདུན་ཁྲི་བདུན་སྟོང་ལྷག་ལ་སྦྱོང་བརྡར་སྤྲད་ཡོད་ཚུལ་དང་། ལག་རྩལ་སྦྱོང་བརྡར་གསར་བ་ཁ་སྣོན་བྱས་པའི་ངལ་རྩོལ་བ་མི་གྲངས་བཞི་ཁྲི་ཉིས་སྟོང་ལྷག་ཡོད་པ། དེ་བཞིན་རེའུ་མིག་ཅིག་ཏུ་ཕྱི་ལོ་༢༠༡༥ལོ་ནས་༢༠༡༧ལོའི་བར་ཀན་ལྷོ་ཁུལ་གྱི་འབྲུག་ཆུ་རྫོང་དང་རྨ་ཆུ་རྫོང་། གཙོས་གྲོང་ཁྱེར། བསང་ཆུ་རྫོང་། ཀླུ་ཆུ་རྫོང་། ལེན་ཐན་རྫོང་། ཐེ་བོ་རྫོང་བཅས་ཀྱི་ནང་མི་གྲངས་ཁྲི་བཞི་ལྷག་ལ་ལག་ཤེས་གསར་བའི་སྐོར་གྱི་སྦྱོང་བརྡར་སྤྲད་པ་དང་། དབུལ་སྐྱོར་ལག་རྩལ་སྦྱོང་བརྡར་སྤྲད་ནས་དེར་སྣེ་ཁྲིད་མཁན་སློབ་ཆེན་ནས་མཐར་ཕྱིན་པའི་སློབ་མ་བདུན་སྟོང་ལྔ་བརྒྱ་ལ་སྦྱོང་བརྡར་སྤྲད་དེ་ཞིང་འབྲོག་མང་ཚོགས་ལས་ཞུགས་པ་ཚོར་སྣེ་ཁྲིད་བྱེད་ཐུབ་པའི་ནུས་བ་སྐྱེད་བསྲིང་བྱས་ཚུལ་བཀོད་འདུག
དེ་བཞིན་ཚེ་རིང་དོན་གྲུབ་ལགས་ནས་ཀྱང་འདི་དང་འབྲེལ་ཡོད་ཐད་གསུང་རྒྱུར། དེང་སྐབས་བོད་ནང་གནས་སྤོར་དབུལ་སྐྱོར་ཟེར་བ་དང་། རྩྭ་ས་དོ་མཉམ་ཟེར་བ། འབྲོག་པ་གྲོང་ཁྱེར་ཅན་དུ་བསྒྱུར་བའི་ཐད་ལག་ཤེས་སྦྱོང་བརྡར་སྤྲོད་པ་ཟེར་བ། ཞིང་འབྲོག་ས་ཁུལ་མཉམ་ལས་ཁང་ཟེར་བ་གང་ཡིན་ཡང་རྒྱ་ནག་གིས་བོད་ཀྱི་གོམས་གཤིས་དང་རིག་གཞུང་། འཚོ་གནས་ཁོར་ཡུག་བཅས་མེད་པར་བཟོས་ནས་ཀྲུང་ཧྭ་མི་རིགས་གཅིག་གྱུར་ཟེར་བར་བསྒྱུར་བའི་དམིགས་ཡུལ་ཡིན་པ་གསལ་བོ་རེད་ཟེར།