རྒྱ་ནག་གཞུང་གིས་བོད་ཀྱི་ཞིང་འབྲོག་པ་རྣམས་བཟོ་གྲྭའི་ངལ་རྩོལ་བར་བསྒྱུར་ཐབས་བྱེད་བཞིན་འདུག


2020.09.22
ལྷ་སའི་བར་སྐོར་གླིང་དུ་ཉེན་རྟོག་པ་དང་ངལ་རྩོལ་བ་ཞིག ༢༠༠༩ ལྷ་སའི་བར་སྐོར་གླིང་དུ་ཉེན་རྟོག་པ་དང་ངལ་རྩོལ་བ་ཞིག ༢༠༠༩
AP

རྒྱ་ནག་གཞུང་གིས་བོད་ནང་གི་ཞིང་འབྲོག་པ་རྣམས་བཟོ་གྲྭའི་ནང་ངལ་རྩོལ་བྱེད་མཁན་གྱི་ལས་མི་ཅན་ཏུ་བསྒྱུར་རྒྱུའི་འཆར་གཞི་ཡོད་འདུག
དེ་ཡང་བོད་ཀྱི་གྲོང་གསེབ་ས་ཁུལ་གྱི་མང་ཚོགས་རྣམས་གྲོང་གསེབ་ཀྱི་ཞིང་ལས་ནས། དེང་སྐབས་གསར་དུ་རྒྱབ་པའི་དམག་མིའི་ཁང་པའི་བཟོ་བཀོད་ལྡན་པའི་སྦྱོང་བརྡར་ལྟེ་གནས་ཁང་གི་བཟོ་གྲྭའི་ནང་གི་ལས་བཟོ་བར་མང་དུ་བསྒྱུར་རྒྱུར་ནག་གཞུང་གིས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། དེ་ལྟ་བུའི་ལས་གཞི་གཅིག་མཚུངས་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནམ་ཤིན་ཅང་ནང་ལག་བསྟར་བྱེད་བཞིན་པ་དེར། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་དེ་ནི་བཙན་ཤེད་ཀྱིས་ངལ་རྩོལ་བཙན་སྐུལ་བྱེད་པའི་བྱ་སྤྱོད་དུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་བརྒྱ་གྲངས་བཀོད་སྤེལ་བྱས་པའི་ནང་དོན་དང་། བོད་ཀྱི་ས་གནས་ནང་རྒྱ་གཞུང་གིས་བཏོན་པའི་སྲིད་ཇུས་ཀྱི་ཡིག་ཆ། དེ་བཞིན་༢༠༡༦་ནས་༢༠༢༠་བར་གྱི་ཡིག་ཆ་འཚོལ་བསྡུ་བྱས་པ། རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གཟའ་འཁོར་དེའི་ནང་ཨ་རིའི་རྒྱལ་སར་ཡོད་པའི་(Jamestown Foundation)་ཞེས་པའི་ཞིབ་འཇུག་ཁང་གིས། བོད་མི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་བཙན་ཤེད་ཀྱིས་འགྱུར་བ་གཏོང་བའི་སྐོར་ལ་སྙན་ཐོ་འདོན་སྤེལ་བྱས་པའི་ནང་དོན་ལ་བསྐྱར་ཞིབ་བྱས་པ་བརྒྱུད། རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་གི་ས་ཆ་གཞན་ཁག་ཏུ་ཞིང་པ་མང་ཚོགས་ངལ་རྩོལ་ཅན་དུ་བསྒྱུར་རྒྱུའི་ལས་གཞི་གཞི་རྒྱ་ཆེན་པོ་ཞིག་གི་འཆར་གཞི་ལག་བསྟར་བྱེད་བཞིན་ཡོད་པ་དང་། འཆར་གཞི་དེ་ནི་རྒྱ་ནག་གིས་རྒྱ་ནག་གི་བཟོ་གྲྭ་ཁག་ལ་ཞེན་འགོག་ལྷག་བསམ་ཅན་གྱི་ལས་མིའི་དཔུང་ཁག་བསྡུ་རུབ་བྱ་རྒྱུའི་དམིགས་ཡུལ་ངན་པ་འཛིན་པའི་ལས་གཞི་རྒྱ་ཆེ་ཆེན་པོ་ཞིག་ཡིན་པའི་སྐོར་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
གོང་བརྗོད་(Jamestown Foundation)་ཞིབ་འཇུག་ཁང་གིས་གཟའ་འཁོར་འདིའི་ནང་བཏོན་གནང་བའི། སྙན་ཐོ་དེའི་ནང་དོན་ཐོག་ཞིབ་འཇུག་གནང་མཁན་གཙོ་བོ་(Adrian Zenz)་ཡིས། ༡༩༦༦་ནས་༡༩༧༦་བར་བོད་ནང་རིག་གནས་གསར་བརྗེ་བྱུང་བའི་རྗེས། བོད་མིའི་སྲོལ་རྒྱུན་གྱི་འཚོ་བར་བསྐྱར་དུ་དོ་ཕོག་གཏོང་རྒྱུའི་དམིགས་ཡུལ་གྱི་ཐོག་ནས་དེང་སང་བོད་ནང་གི་ཞིང་འབྲོག་མང་ཚོགས་ཚོར་ལས་ཀའི་གོ་སྐབས་སྤྲོད་ཀྱི་ཡོད་ལུགས་ཀྱིས་རྒྱ་མིའི་བཟོ་གྲྭ་ཁག་གི་ནང་ངལ་རྩོལ་སྐུལ་དེད་བྱེད་བར་ཁྲིད་ཀྱི་ཡོད་པ་གསལ་པོ་རེད་ཅེས་འགྲེལ་བརྗོད་གནང་འདུག
ད་དུང་རོའུ་ཀྲར་གསར་འགྱུར་ལས་ཁང་གིས། ཁ་སྔོན་ཕྱི་ཟླ་བརྒྱད་པའི་ནང་རྒྱ་ནག་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་། ཞིང་པ་མང་ཚོགས་བཟོ་གྲྭའི་ལས་བཟོ་བར་བསྒྱུར་རྒྱུའི་ལས་གཞི་དེའི་རྣམ་གྲངས་སུ་༢༠༢༠་ལོའི་ཐོག་མའི་ཟླ་བ་བདུན་ནང་ལ། ཞིང་པ་མང་ཚོགས་ས་ཡ་ཕྱེད་ཀ་ལྷག་ལ་ལས་ཀའི་སྦྱོང་བརྡར་སྤྲད་ཡོད་ལུགས་དང་། དེ་ནི་བོད་ས་གནས་ཀྱི་མི་འབོར་གྱི་བརྒྱ་ཆ་༡༥་ཙམ་ཟིན་ཡོད་པ་དང་། གྲངས་འབོར་དེའི་ནང་ནས་མི་གྲངས་ཁྲི་ལྔ་ཙམ་བོད་ནང་དུ་ངལ་རྩོལ་གྱི་ལས་ཀ་སྐུལ་དེད་བྱ་ཡུལ་གྱི་རྒྱ་མིའི་བཟོ་གྲྭ་ཁག་ལ་བཏང་ཡོད་པ། དེ་མིན་གྱི་བོད་མི་སྟོང་ཕྲག་འགའ་ཤས་རྒྱ་ནག་གི་ས་ཆ་གཞན་ཁག་ཏུ་བཀོད་སྒྲིག་བྱས་ཡོད་པའི་སྐོར་རུཡེ་ཊར་གསར་སྤེལ་ཁང་གིས་གནས་ཚུལ་ལུང་འདྲེན་གནང་སྟེ། གང་ལྟར་མཐར་བོད་མི་མང་པོ་ནི་གླ་ཆའི་ཐོབ་ཐང་ཉུང་བའི་ལས་ཀ་དཔེར་ན་ཐག་ལས་ཀྱི་བཟོ་གྲྭ་དང་། ཨར་ལས་འཛུགས་སྐྲུན་གྱི་ལས་གྲྭ སོ་ནམ་ཞིང་ལས་ཀྱི་བཟོ་གྲྭ་ཁག་བཅས་ནང་བཀོད་སྒྲིག་བྱས་ཡོད་པའི་སྐོར་བཀོད་ཡོད་པ་རེད།
འོན་ཀྱང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་གསལ་བསྒྲགས་ནང་། རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་ངལ་རྩོལ་ལས་ཀར་བཙན་སྐུལ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བདེན་པ་མིན་པ་བཤད་དེ། རྒྱ་ནག་ནི་ཁྲིམས་ལུགས་དབང་འཛིན་ཡོད་པའི་རྒྱལ་ཁབ་ཞིག་ཡིན་པར་བརྟེན་ནས། ལས་མི་རྣམས་ནི་དྭང་བླངས་དང་ཁོང་ཚོར་གུན་གསབ་ཡག་པོ་ཐོབ་ཀྱི་ཡོད་པའི་སྐོར་བཤད་ཡོད་པ་ཡང་རོའུ་ཀྲར་གསར་ལས་ཁང་གིས་གནས་ཚུལ་ནང་བཀོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎