ལྷོ་འབྲས་ལྗོངས་སུ་རྟེན་གཞི་བྱས་པའི་གདན་ས་༸དཔལ་ཆེན་ཆོས་གླིང་དུ་སྐྱབས་མགོན་རྒྱལ་ཚབ་སྐུ་ཕྲེང་དང་པོ་དྲུང་གོོ་ཤྲཱི་དཔལ་འབྱོར་དོན་གྲུབ་སྐུ་འཁྲུངས་ནས་མི་ལོ་ ༦༠༠ འཁོར་བའི་རྟེན་འབྲེལ་མཛད་སྒོ་ཞིག་འཚོགས་ཡོད་པ།

ཟླ་འདིའི་ཚེས་ ༡༧ ཉིན་ལྷོ་འབྲས་ལྗོངས་ར་སྦང་ལ་ས་གནས་ནས་རྒྱང་ཐག་ཀི་ལོ་མི་ཊར ༡༥ སར་ཆགས་པའི་གདན་ས་དཔལ་ཆེན་ཆོས་གླིང་དུ་༸སྐྱབས་མགོན་རྒྱལ་ཚབ་སྐུ་ཕྲེང་དང་པོ་དྲུང་གོོ་ཤྲཱི་དཔལ་འབྱོར་དོན་གྲུབ་སྐུ་འཁྲུངས་ནས་མི་ལོ་ ༦༠༠ འཁོར་བའི་རྟེན་འབྲེལ་མཛད་སྒོ་ཞིག་འཚོགས་གནང་སོང་བ་དང་། སྐབས་དེར་སྐྱབས་རྗེ་གོོ་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས། རྒྱལ་ཚབ་སྐུ་ཕྲེང་དང་པོ་དྲུང་གོོ་ཤྲཱི་དཔལ་འབྱོར་དོན་གྲུབ་སྐུ་འཁྲུངས་ནས་མི་ལོ་ ༦༠༠ འཁོར་བའི་རྟེན་འབྲེལ་གྱི་ཉིན་མོ་དེ་བཞིན་འཇིག་རྟེན་གྱི་མཛད་སྒོ་ལྟར་མིན་པར་བླ་མའི་བཀའ་དྲིན་རྗེ་སུ་དྲན་པའི་དུས་སྟོན་ཞིག་ཡིན་དུས་ཆོས་ཕྱོགས་ཀྱི་དོན་སྙིང་ཆེན་པོ་ལྡན་ཞིག་དང་། ལྷག་པར་ཆོས་ཕྱོགས་ཀྱི་དུས་དྲན་དེ་འདྲ་སྤེལ་སྐབས་ཚང་མས་ཀུན་ཀློང་བཟང་པོ་ཁྱེར་བ་ཡིན་ན་བསོད་ནམས་ཀྱི་ཚོགས་སུ་གྱུར་རྒྱུ་ཡིན་པ་གསུངས་གནང་སོང་།
ཐེངས་འདིའི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཆེ་རིང་ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་གཞན་ཁག་གཅིག་ལྷན་ཞུགས་གནང་ཡོད་ཅིང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས། རྒྱལ་ཚབ་སྐུ་ཕྲེང་དང་པོ་ནས་བཅུ་གཉིས་བར་མི་ལོ་ ༦༠༠ རིང་བསྟན་པ་སྤྱིའི་བདེ་དོན་དང་ལྷག་པར་དུ་བཀའ་བརྒྱུད་པའི་བསྟན་པ་རྒྱུན་གནས་ཡོང་ཐབས་དང་རྒྱལ་བ་ཀརྨ་པའི་མཛད་འཕྲིན་རྒྱལ་ཐབས་སུ་སྐུ་ལས་ཧ་ཅང་སྐྱོན་བཞིན་པར་རྗེས་སུ་ཡི་རངས་དང་། མཛད་འཕྲིན་ལྷག་པར་རྒྱས་པའི་སྨོན་འདུན་ཞུས་གནང་སོང་ལ། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། རྒྱལ་ཚབ་སྐུ་ཕྲེང་དང་པོ་ནས་བཅུ་གཉིས་བར་བཅས་ནས་བསྟན་འགྲོ་སྤྱི་དང་བྱེ་བྲག་ཏུ་བོད་གངས་ཅན་པའི་བསྟན་འགྲོ ཡང་སྒོས་གྲུབ་བརྒྱུད་ཀརྨ་སྐམ་ཚང་གི་བསྟན་པར་མཛད་རྗེས་རླབས་ཆེན་ལྡན་པའི་སྐྱེས་བུ་དམ་པ་གང་ཉིད་དང་། བླ་མ་གོང་མ་རྣམས་ཀྱི་མཛད་རྗེས་ལ་རྗེས་དྲན་ཞུ་ཆེད་མཛད་སྒོ་དེ་ལྟ་བུའི་ལམ་ནས་བླ་མའི་མཛད་པ་དང་བཀའ་དྲིན་རྗེས་སུ་དྲན་བཞིན་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་ཤེས་སྒྲུབ་གཉིས་ཀྱི་སྒོ་ནས་དམིགས་དཔེ་བཟང་པོ་བསྟན་ཞིང་། རྗེས་འཇུག་རྣམས་ལ་ཡིད་ཆེས་དང་དད་པ་བསྐྲུན་པའི་དུས་ཚིགས་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་གསུངས་གནང་སོང་།
གཞན་ཡང་མཛད་སྒོའི་ཐོག་དགའ་ལྡན་ཕོ་བྲང་དང་ཆོས་བརྒྱུད་ཁག་གིས་སྐུ་ཚབ། དེ་བཞིན་འབྲུག་དང་འབྲས་ལྗོངས་མངའ་སྡེ་གཞུང་གི་གནད་ཡོད་མི་སྣ་ཁག་གཅིག་ནས་ཀྱང་མཉམ་ཞུགས་གནང་བའི་ཐོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བླ་ཆེན་ཁག་གི་གསུང་འཕྲིན་སྐུ་ཚབ་རྣམ་པ་ནས་སྙན་སྒྲོན་གནང་ཡོད་པ་མ་ཟད།༸རྒྱལ་བ་ཀརྨ་པ་མཆོག་གི་ད་རེས་ཀྱི་དུས་དྲན་ཐོག་ཕེབས་པའི་བཀའ་སློབ་བརྙན་འཕྲིན་བརྒྱུད་གཟིགས་འབུལ་ཞུས་གནང་ཡོད་པ་རེད།
ཡོང་རྒྱུ་བསྡད་པའི་ཕྱི་ཚེས་ ༡༨ ཉིན་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ལ་གདན་ས་རུམ་བཏེག་བཤད་གྲྭའི་སློབ་ཟུར་ཚོགས་པ་ནས་བརྟན་བཞུགས་སྟར་འབུལ་ཞུ་གནང་མཛད་རྒྱུ་ཡིན་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།