༸ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་ཤྲིལངྐའི་ནང་པཱ་ལི་དང་ལེགས་སྦྱར་གྱི་ཤེས་ཡོན་བརྗེ་རེས་ཁང་སེམས་བསྐྱེད་གླིང་དབུ་འབྱེད་གནང་བ།

༸སྐྱབས་རྗེ་༸ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་ཉེ་ལམ་ནས་ཤྲི་ལངྐ་རྒྱལ་ཁབ་ནང་ཆིབས་སྒྱུར་གྱིས། ཟླ་ ༢ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར།པཱ་ལི་དང་ལེགས་སྦྱར་གྱི་ཆོས་རྒྱུད་ཕན་ཚུན་དབར་ཤེས་ཡོན་བརྗེ་ལེན་གྱི་བསྟི་གནས་ཁང་ཞིག་རྒྱལ་ས་ཀོལོམབྷོའི་ནང་གསར་བཞེངས་གནང་ཡོད་པར། འབྲེལ་ཡོད་འགན་འཛིན་ངྷ་མིན་རྡ་པོར་གྷི་ལགས་ནས་གདན་ཞུས་ལྟར་ཕེབས་ཏེ་ལམ་སྟོན་དང་བྱིན་རླབས་གནང་ཡོད་པ་མ་ཟད། ཟླ་ ༢ ཚེས་ ༩ ཉིན་པཱ་ལི་དང་ལེགས་སྦྱར་གྱི་ཆོས་རྒྱུད་འཛིན་པའི་དབར་ཤེས་ཡོན་བརྗེ་རེས་ཀྱི་ལས་རིམ་ཐེངས་གསུམ་པ་འགྲོ་བཞིན་པའི་བགྲོ་གླེང་དབུ་འབྱེད་དུའང་གདན་ཞུས་གནང་ཡོད་པར་བརྟེན། བགྲོ་གླེང་དེར་༸ཀུན་བདེ་གླིང་རིན་པོ་ཆེ་མཆོག་གིས་བོད་དང་ཤྲིལངྐའི་འབྲེལ་ལམ་སྐོར་འཁྱུག་ཙམ་གསུངས་པ་དང་བསྟུན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་ཆོས་རྒྱུད་འཛིན་པ་ཡོངས་རྫོགས་སྟོན་པ་གཅིག་གི་རྗེས་འཇུག་ཡིན་པས། མཐུན་ལམ་དམ་ཚིག་ཟབ་མོ་ཡོང་རེ་ནི་རླབས་ཆེན་གྱི་དགོངས་གཞི་ཡིན་པས། ལས་རིམ་འདི་བརྒྱུད་ནས་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་གཉིས་ཀྱི་དབར་འདུལ་བསྟན་གཙོ་བོར་གྱུར་པའི་ཆོས་ཕྱོགས་ཀྱི་བགྲོ་གླེང་དང་ཤེས་ཡོན་བརྗེ་ལེན། ཆོས་ལུགས་མཐུན་སྒྲིལ་གྱི་སྡིངས་ཆ་བསྐྲུན་དགོས་པ་སོགས་བཀའ་གནང་བའི་སྐོར། སེམས་བསྐྱེད་ཆོས་ཚོགས་ཀྱི་དགེ་སློང་བསྟན་འཛིན་ཟིལ་གནོན་ལགས་ནས་འགྲེལ་བརྗོད་གནང་གི་འདུག
༸ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་ཤྲི་ལིངྐ་རྒྱལ་ཁབ་ཏུ་ཕེབས་པ་དང་བསྟུནས་ནས་དེ་སྔ་༧གོང་ས་མཆོག་ལ་སྟོན་པའི་རིང་བསྲེལ་ཕུལ་མཁན། ཤྲི་ལངྐའི་བླ་ཆེན་ཝ་སེ་ཀ་ཌུ་ཝེ་མཆོག་ལ་མཇལ་འཕྲད་གནང་ཡོད་པའི་མུར། ཤྲི་ལངྐའི་གནས་ཆེན་བརྒྱད་འཛིན་སྐྱོང་བའི་བླ་ཆེན་ནས་རྒྱུས་སྟོན་དང་འབྲེལ། ཤྲི་ལངྐ་རྒྱལ་ཁབ་ཀྱི་ནང་པའི་གནས་ཆེན་སངས་རྒྱས་བཅོམ་ལྡན་འདས་ལིངྐའི་ཡུལ་དུ་ཐོག་མར་ཞབས་ཀྱིས་བཅགས་པའི་གནས། ཨནུརཱཏ་པུརཱ་ཞེས་པའི་ཤྲི་ལངྐའི་རྒྱལ་ས་རྙིང་པ་ལའང་གནས་མཇལ་ཞིབ་ཏུ་གནང་གི་ཡོད་པ་སོགས་ཀྱང་འགྲེལ་བརྗོད་གནང་གི་འདུག
འཕགས་པ་གནས་བརྟན་པའི་ནང་པའི་ཆོས་རྒྱུན་ཤུགས་ཆེར་དར་བའི་ཤྲི་ལངྐ་རྒྱལ་ཁབ་ཏུ་སྔ་མོ་བོད་ཀྱི་མཁས་པ་དགེ་འདུན་ཆོས་འཕེལ་ལགས་ཕེབས་ནས། སིངྒལའི་ལོ་རྒྱུས་ལྗགས་རྩོམ་གྱིས་བོད་མི་ཚོས་ཕྱི་ལོའི་དུས་རབས་ཉི་ཤུ་བ་ནས་དོ་སྣང་ཆེན་པོ་བྱུང་ཡོད་ཅིང་། ཉེ་ལམ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་གཞི་ལམ་སྟོན་ལྟར་ཡུལ་དེའི་དགེ་འདུན་པ་དང་བོད་ཀྱི་ནང་པའི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་རེས་དང་བགྲོ་གླེང་། ཕན་ཚུན་རྒྱུས་ལོན་སོགས་རྒྱུན་མཐུད་དུ་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།