ས་བྱི་ཞི་རྒོལ་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་ལོ་ ༢༠ བཙོན་འཇུག་གི་ཉེས་ཆད་ཕོག་པ་འབྲས་སྤུངས་དགོན་པའི་རྒན་ཐེ་བོ་དཀོན་མཆོག་ཉི་མ་ལགས་ཀྱི་གར་ཡོད་གནས་སྟངས་ཐད་ལོ་ ༡༧ རྗེས་སུའང་ཤེས་རྟོགས་མེད་པར་ལུས་འདུག

2024.07.30
ས་བྱི་ཞི་རྒོལ་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་ལོ་ ༢༠ བཙོན་འཇུག་གི་ཉེས་ཆད་ཕོག་པ་འབྲས་སྤུངས་དགོན་པའི་རྒན་ཐེ་བོ་དཀོན་མཆོག་ཉི་མ་ལགས་ཀྱི་གར་ཡོད་གནས་སྟངས་ཐད་ལོ་ ༡༧ རྗེས་སུའང་ཤེས་རྟོགས་མེད་པར་ལུས་འདུག འབྲས་སྤུངས་དགོན་པའི་དཔེ་ཁྲིད་རྒན་དཀོན་མཆོག་ཉི་མ་ལགས་ཀྱི་པར། ཟླ་ཚེས་མི་གསལ།
@ RFA

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡༡ ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁྲིས་སུ་ཆགས་པའི་གདན་ས་ཆེན་པོ་འབྲས་སྤུངས་དགོན་གྱི་དཔེ་ཁྲིད་དགེ་རྒན་ཐེ་བོ་དཀོན་མཆོག་ཉི་མ་ལགས་སུ། ཕྱི་ལོ་ ༢༠༠༨ ལོར་འབྲས་སྤུངས་དགོན་པའི་གྲྭ་མང་གིས་ཞི་རྒོལ་བྱས་པ་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་འཛིན་བཟུང་གིས། ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ལོ་ ༢༠ བཙོན་འཇུག་གི་ཁྲིམས་ཐག་བཅད་རྗེས། ས་གནས་གང་དུ་བཙོན་འཇུག་བྱས་ཡོད་མེད་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མེད་པར་ལོ་ ༡༧ འགྲོ་བཞིན་ཡོད་པ་རེད།    ཁོང་གི་ནང་མི་དང་རུ་སྡེ་བ་སོགས་ནས་སྔ་ཕྱི་ཐེངས་མང་རྒན་ཐེ་བོ་དཀོན་མཆོག་ཉི་མ་ལགས་ཀྱི་སྐོར་རྩད་འཚོལ་དང་། རྒྱ་ནག་གཞུང་ལ་གར་ཡོད་སོགས་ཀྱི་གནས་སྟངས་གསལ་བཤད་དགོས་པའི་རེ་སྐུལ་ཡང་ཡང་ཞུས་ཀྱང་། རྒྱ་ནག་གཞུང་གིས་ཁོང་གི་གར་ཡོད་དང་གནས་སྟངས་གང་ཞིག་གི་འོག་ཡོད་མེད་གསང་རྒྱ་བྱས་ཏེ་གསལ་བཤད་གང་ཡང་བྱེད་ཀྱི་མེད་པ། རང་གི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་བོད་ཕྱི་ནང་གཉིས་ནས་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།

ཡང་འབྲེལ་ཡོད་བོད་མི་གཅིག་གིས།  དཀོན་མཆོག་ཉི་མ་ལགས་འཛིན་བཟུང་བྱས་པའི་རྗེས་ལོ་གཉིས་ལྷག་རིང་གར་སོང་ཆ་མེད་དུ་གྱུར་རྗེས། ཕྱི་ལོ་ ༢༠༡༠ ཟླ་ ༦ པའི་ནང་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཚེ་བཙོན་གྱི་མིང་ཐོག་ནས་མི་ལོ་ ༢༠ བཙོན་འཇུག་གི་ཁྲིམས་ཆད་བཏང་པ་ཤེས་རྟོགས་བྱུང་ཡོད་པ་རེད། འོན་ཀྱང་ནང་མི་ཉེ་འབྲེལ་དང་རུ་སྡེ་བའི་ངོས་ནས་ཁོང་གི་ཕ་ཡུལ་མཛོད་དགེ་རྫོང་གི་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣར་ཁོང་རྩད་འཚོལ་བྱེད་དགོས་པའི་རེ་སྐུལ་བྱས་པར། དཀོན་མཆོག་ཉི་མ་ལགས་ཀྱི་ཐོབ་ཐང་དཔང་ཡིག་མཛོད་དགེ་རྫོང་གི་ཐོབ་ཁུངས་འོག་ཏུ་མེད་པར་ལྷ་སར་བརྗེ་སྤོ་བྱས་ཡོད་པས་ཁོ་ཚོར་ཐབས་ཤེས་མེད་སྐོར་བརྗོད་དེ་ཡ་ལན་གང་ཡང་བྱེད་ཀྱི་མེད་སྐོར་འགྲེལ་བརྗོད་གནང་གི་འདུག

འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་རྒན་དཀོན་མཆོག་ཉི་མ་ལགས་ནི། འབྲས་སྤུངས་དགོན་པའི་དཔེ་ཁྲིད་དགེ་རྒན་རྩེ་གྲས་ཀྱི་ཁོངས་ནས་གཅིག་ཡིན་པ་དང་།  རྒྱ་ནག་གཞུང་གིས་སྐབས་དེར་ཁོང་ལ་ལྷ་སའི་  ༣།༡༤ དོན་རྐྱེན་གྱི་བྱེད་གཏེ་གྲས་ཤིག་ཡིན་པའི་ཉེས་པ་བཙུགས་ཏེ་འཛིན་བཟུང་བྱས་པ་ཞིག་ཡིན་འདུག་ལ། ལོ་ཤས་གོང་གནས་ཚུལ་གྱི་ཡོངས་ཁུངས་སོགས་ཁ་གསལ་ར་འཕྲོད་མེད་པའི་འོག་ཤེས་རྟོགས་བྱུང་བར་གཞིགས་ན། ཁོང་ད་ཆ་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་ཤར་ཏུར་ཀིསི་ཐན་གྱི་ཡུ་གུར་མི་རིགས་གྱི་ས་གནས་ཞིག་ཏུ་ཡོད་སྐོར་གོ་ཐོས་ཙམ་བྱུང་ཡོད་ན་ཡང་། རྗེས་སུ་ནང་མི་སོགས་ནས་ལྷ་ས་གཙོས་ས་གནས་གང་སར་རྩད་འཚོལ་བྱས་ཀྱང་གྲུབ་འབྲས་གང་ཡང་བྱུང་མེད་པར་རྒྱ་ནག་གཞུང་ངོས་ནས་དཀོན་མཆོག་ཉི་མ་ལགས་ཀྱི་སྐོར་གསང་རྒྱ་དམ་པོ་བྱེད་ཀྱི་ཡོད་པ་འབྲེལ་ཡོད་ཁག་ཅིག་གིས་བརྗོད་བྱུང་།   

བོད་གནས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་རྒྱ་ནག་གཞུང་གིས་དགེ་འདུན་པ་དཀོན་མཆོག་ཉི་མ་ལགས་ཀྱིས་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་མང་དག་ཅིག་གི་གནས་སྟངས་སྐོར་གསང་བ་བྱེད་བཞིན་ཡོད་པ་དང་། འདི་ནི་རྒྱ་ནག་གཞུང་རང་ཉིད་ཀྱིས་གཏན་ལ་ཕབ་པའི་ཉེས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་དང་རྒྱབ་འགལ་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

དཀོན་མཆོག་ཉི་མ་ལགས་ནི་བོད་མདོ་སྨད་ཐེ་བོ་ནས་ཡིན་ཞིང་། ཁོང་བོད་ཀྱི་དབུས་ཕྱོགས་ས་ཁུལ་དུ་སློབ་གཉེར་ལ་ཕེབས་ནས་རྗེས་སུ་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་དགེ་བཤེས་ཕུལ་བྱུང་ཞིག་ཏུ་གྱུར་ཡོད་པ་དང་། ཁོང་ལ་གདན་ས་ཁག་དང་བོད་མདོ་དབུས་ཁམས་གསུམ་ནས་དགེ་ཕྲུག་ཧ་ཅང་མང་པོ་བྱུང་ཡོད་འདུག

ཕྱི་ལོ་ ༢༠༠༨ ལོར་གདན་ས་ཆེན་པོ་འབྲས་སྤུངས་དགོན་པའི་གྲྭ་མང་གིས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱས་པ་དང་འབྲེལ། སྐབས་དེར་དཀོན་མཆོག་ཉི་མ་ལགས་ལ་ངོ་རྒོལ་དེ་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་འབྲས་སྤུངས་དགོན་པའི་དགེ་འདུན་པ་བཞི་བཅུ་ལྷག་དང་མཉམ་དུ་འཛིན་བཟུང་བྱས་པ་དང་། སྐབས་དེར་བོད་ཀྱི་མདོ་སྟོད་སྨད་ཀྱི་ས་ཁུལ་ནས་ཕེབས་པའི་གྲྭ་པ་མང་པོ་ཞིག་འབྲས་སྤུངས་དགོན་པ་ནས་ཕྱིར་ཕུད་བཏང་བ་ཡང་བྱུང་ཡོད་པ་རེད།།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎